གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྐབས་དང་པོའི་སྨན་པ་དཀའ་བཅུ་པའི་མཐར་ཕྱིན་མཛད་སྒོ།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་རྒྱལ་ལོ་༣༡༥༨བོད་ཟླ་༧ཚེས་༢༤། ཕྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༣༡ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་འདས་མཆོད་ཁྱད་པར་ཅན་དང་འབྲེལ་སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྐབས་དང་པོའི་སྨན་པ་དཀའ་བཅུ་པའི་མཐར་ཕྱིན་མཛད་སྒོ་སྨན་རིའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་ཡོད་པ་དང་།

དེ་ཡང་ཚོགས་མགོན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་བཤད་སྒྲུབ་མཁན་པོ་གཙོས་བོན་གཞིས་ས་གནས་འགོ་འཛིན་དང་དམིགས་བསལ་སྐུ་མགྲོན་འབུམ་བཞིའི་མཐོ་སློབ་སློབ་སྟོན་པ་སྨན་པ་ཐོགས་མེད་དང་སྨན་པ་པ་སངས་སྟོབས་ལྡན་རྣམ་གཉིས། གཞན་ཚོགས་སྡེ་ཁག་གི་དབུ་འཛིན་དང་ལས་བྱེད་རྣམ་པ། དེ་མིན་སྨན་རིའི་དགེ་བའི་བཤེས་གཉེན། མཐོ་སློབ་ཀྱི་སྨན་དགེ་དང་སྨན་སློབ་ས་གནས་གཞིས་ཆགས་ཀྱི་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

གོང་ཚེས་ཆུ་ཚོད་༡༠།༠༠ཐོག་༧སྐྱབས་རྗེ་མཁན་སློབ་ཉི་ཟླ་རྣམ་གཉིས་ཚོགས་མགོན་དུ་བྱོན་རྗེས་༧སྐྱབས་རྗེ་ཁྲི་༣༤པ་མཆོག་གི་སྣང་སྲིད་སྒྲོན་མེ་ཞལ་ཕྱེས་མཚམས་བྱ་འཕུར་དགེ་བཤེས་ཚེ་དབང་རིག་འཛིན་ལགས་ནས་གཙོ་སྐྱོང་འོག་མཛད་སྒོ་དབུ་འཛུགས་བྱས་ཡོད་པ་དང་།

 དེ་ཡང་འབུམ་བཞིའི་མཐོ་སློབ་ཀྱི་འགན་འཛིན་དགེ་བཤེས་ཚེ་དབང་རྣམ་རྒྱལ་མཆོག་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་འདི་ཉིད་ཐོག་མར་འཛུགས་དགོས་ཀྱི་ཕུགས་འདུན་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་སྙན་ཞུ་རིམ་པར་བརྒྱུད་ཉེ་བའི་ཆར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་གསོ་རིག་སློབ་གཉེར་ཁང་ཚད་ལྡན་གཏན་འཇགས་དེབ་སྐྱེལ་བྱེད་ཐུབ་པ་བཅས་ནས་ངོ་སྤྲོད་ཞུས།

གསོ་རིག་འབུམ་བཞི་སློབ་སྤྱི་དགེ་བཤེས་གཡུང་དྲུང་བཀྲ་ཤིས་ལགས་ནས་མཐོ་སློབ་འདིའི་སྦྱོང་ཚན་སྐོར་དང་སྦྲགས་ནས་འབུམ་བཞིའི་མཐོ་སློབ་གསར་འཛུགས་གནང་སྐབས་ཀྱི་སྨན་དགེ་དང་སྨན་སློབ།  སྨན་ཁྲིད་བྱེད་སྟངས་སྐོར་ནས་གསུང་བཤད་གནངས།

ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས་ནས་གསོ་རིག་འབུམ་བཞི་འདི་ཉིད་བོད་གངས་ཅན་པའི་རིག་གཞུང་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཅིག་གི་མཚོན་བྱེད་ཡིན་པ་བཅས་ཀྱི་སྐོར་ནས་གསུང་བཤད་གནངས།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་མིའི་ལུས་རྟེན་འདིར་ལུས་སེམས་གཉིས་ཀྱི་སྡུག་བསྔལ་ལ་མ་འདུས་པའི་སྡུག་བསྔལ་ཞིག་མེད་ལ། ལུས་ཀྱི་སྡུག་བསྔལ་ནི་ན་ཚས་སྡུག་བསྔལ་ཡིན་ཞིང་། འདི་ལ་སྨན་གྱི་བཅོས་ཐབས་ལ་བསྟེན་ནས་ཞི་དགོས་པས་གསོ་བྱེད་སྨན་པ་ཞིག་ལ་ངེས་པར་དུ་བསམ་སྤྱོད་ཡག་པོ་ཞིག་དགོས་གལ་དང་། བོད་ཀྱི་གསོ་བ་རིག་པ་འདི་ཕྱི་ལུགས་ཀྱི་གསོ་རིག་དང་ཅུང་མི་འདྲ་སྟེ། འདི་ལ་ཟླ་དང་ཉིན། དུས་སོགས་ལ་བརྟག་ནས་སྨན་བཟོ་དང་སྨན་བཅོས། སྨན་བསྟེན་སོགས་བརྟག་དཔྱད་ཞིབ་རྩིས་བྱེད་དགོས་པས་ཕྱི་ལུགས་དང་མི་མཚུངས་ཤིང་། དཔྱད་ཀྱིས་མི་ཆོས་པ་གཏོ་དང་། གཏོ་ཡིས་མི་ཆོས་པ་སྔགས་སོགས་ལ་བསྟེན་དགོས་པས་སྨན་པའི་ངོས་ནས་ཀྱང་འདི་དག་ལ་སྦྱངས་པ་བྱེད་དགོས་གལ་སོགས་ནས་བཀའ་སློབ་གནད་སྨིན་བསྩལ་མཚམས།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་འདི་གའི་འབུམ་བཞིའི་མཐོ་སློབ་ཀྱི་ལོ་དེབ་༼དཔྱད་བུའི་འོད་སྣང་།༽དབུ་འབྱེད་གནངས།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྐབས་དང་པོའི་སྨན་པ་བཀའ་བཅུ་པ་བཞི་ལ་མཐར་ཕྱིན་ཕྱག་འཁྱེར་བསྩལ་བ་དང་ཆབས་ཅིག་གཟེངས་རྟགས་གསོལ་རས་བསྩལ།

༧མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤པ་རིན་པོ་ཆེ་མཆོག་ནས་བཀའ་སློབ་བསྩལ་དོན། ང་ཚོ་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་མཆོག་གིས་རང་ཅག་བོད་གངས་ཅན་པའི་རིག་གཞུང་ལ་བདག་པོ་རྒྱག་དགོས་ཀྱི་བཀའ་སློབ་རིམ་པར་ཕེབས་པ་བརྟེན་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གིས་བོད་གངས་ཅན་གྱི་གསོ་བ་རིག་པའི་ཕྱི་མོ་གསོ་རིག་འབུམ་བཞི་འདི་ཉིད་ཆེད་སྦྱོང་བྱེད་པའི་ཁོར་ཡུག་ཅིག་དགོས་ཉག་ཏུ་དམིགས་ནས་དཀའ་བ་ཁྱད་བསལ་གྱིས་འདི་གའི་གསོ་རིག་འབུམ་བཞིའི་མཐོ་སློབ་གསར་འཛུགས་གནང་ཚུལ་དང་། བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱིས་ཕུལ་བའི་རྟེན་འབྲེལ་ཤིས་ཚིག་གསུངས་ནས་མཇུག་གྲུབ་མཚམས།

འགན་འཛིན་མཆོག་ནས་ཐུགས་རྗེའི་ལེགས་གསོལ་གྱི་གཏམ་བཤད་སྦྲགས་མཛད་སྒོའི་སྐུ་མགྲོན་མཉམ་པར་བསྒྲོན་པ་དང་། ཚོགས་བཅར་མང་ཚོགས་ནས་མཐར་ཕྱིན་སྐབས་བཅུ་པ་ལ་དག་ལ་རྟེན་འབྲེལ་མཚོན་དོད་མགུལ་དར་སྒྲོན་རྗེས་མཛད་རིམ་དངོས་སུ་མཇུག་གྲུབ་ཡོད་པ་བཅས་སོ།

དཀའ་བཅུ་པ་སྨན་པ་མཁས་གྲུབ་བློ་ལྡན་གྱི་ངོ་སྤྲོད་མདོར་བསྡུས།

དཀའ་བཅུ་བ་སྨན་པ་མཁས་གྲུབ་བློ་ལྡན་ནི་ཕྱི་ལོ་1992 ལོར་ཟླ་ 07 ཚེས་ 02 ཉིན་བལ་ཡུལ་གློ་ལྗོངས་ནང་གི་བདེ་བ་ཞེས་པའི་ལུང་པར་ཕ་བཀྲ་ཤིས་སྐལ་བཟང་དང་མ་དངོས་གྲུབ་དབང་མོ་གཉིས་ཀྱི་བུར་སྐྱེས།

ཕྱི་ལོ་1997ལོར་བོན་གཞིས་ཐོབ་རྒྱལ་གསར་བར་འབྱོར། དེ་ནས་ས་གནས་བོན་གཞིས་ཉིན་སློབ་ནས་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་དུ་འགྲིམས་ནས་བོད་ཀྱི་སྐད་ཡིག ཨང་རྩིས། དབྱིན་ཇི། ཚན་རིག སྤྱི་ཚོགས་རིག་གནས། ཧིན་དྷི་སོགས་ལ་སྦྱངས་མཐར་ཕྱིན།

ཕྱི་ལོ་2009 ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་དྲུང་ནས་རབ་བྱུང་གི་སྡོམ་པ་ཞུས། ལོ་དེར་དཔལ་གཤེན་བསྟན་སྨན་རི་གླིང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་སྡུད་གྲྭ་དང་ཚད་མ། རྟགས་རིག།ཐེག་རིམ་སོགས་ལ་སློབ་གཉེར་གནངས།

ཕྱི་ལོ་2014 ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་སོ་གསུམ་པའི་བཀའ་མངགས་ལྟར་ གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་དང་པོའི་སློབ་མའི་གྲལ་དུ་འཛུལ་ཞུགས་བྱས་ནས་དགེ་བཤེས་གཡུང་དྲུང་བཀྲ་ཤིས་སོགས་བཤེས་གཉེན་དུ་མའི་དྲུང་དུ་ཞང་བོད་གསོ་རིག་གི་སྐོར་ལ་སྦྱངས་པ་མི་དམན་པ་བྱས། 

སློབ་གཉེར་གནང་ཞོར་ལུས་སེམས་སོགས་ཀྱི་བགྲོ་གླེང་དང་། རྟགས་ཐབས་རིག་པའི་བགྲོ་གླེང། དེ་བཞིན་རྒྱལ་སྤྱི་གསོ་རིག་བགྲོ་གླེང་ཆེན་མོ་དང། གཡུང་དྲུང་བོན་གྱི་བགྲོ་གླེང་སོགས་ཚོགས་འདུ་འདྲ་མིན་ཁག་ལ་གསུངས་བཤད་དང་མཉམ་ཞུགས་ཀྱང་གནང།

ཕྱི་ལོ་2019ལོར་ཟླ་བ་དྲུག་རིང་བལ་ཡུལ་དུ་ལྷ་རྗེ་བསྟན་འཛིན་དར་རྒྱས་དང་གཞན་ཟླ་བ་དྲུག་རིང་རྒྱ་གར་མངའ་སྡེ་པུ་ནེ་རུ་ལྷ་རྗེ་པ་སངས་སྟོབས་ལྡན་རྣམ་གཉིས་ཀྱི་དྲུང་ནས་སྨན་པའི་ཉམས་གསོོག་མཐར་ཕྱིན་གནང། དེའི་ཞོར་དུ་ནད་གཞི་འདྲ་མིན་སོགས་ཉམས་གསོག་བརྟག་ཐབས་སྤྱད་ནས་ནད་པ་མང་པོར་དྲག་སྐྱེད་སླེབས་ཐུབ་པ་བྱུང།

ད་ལྟའི་ཆར་བལ་ཡུལ་གློ་ཡི་རྒྱལ་ས་[Jomsom] ལ་“གསོ་རིག་དཔྱད་བུ་སྨན་དཔྱད་ཁང་”ཞེས་པའི་སྨན་ཁང་དུ་སྨན་པའི་ཕྱག་ལས་གནང་བཞིན་ཡོད།།


བཀའ་བཅུ་པ་སྨན་པ་ར་ནག་གཡུང་དྲུང་འོད་ཟེར་ལགས་ཀྱི་ལོ་རྒྱུས་ཉུང་བསྡུས།

བོད་རྒྱལ་ལོ ༣༡༢༦ལྕགས་རྟ་ལོའི་བོད་ཟླ་༡༡ ཚེས་༢༨ ཉིན་ཕ་ར་ནག་བཀྲ་ཤིས་ཕུན་ཚོགས་དང་མ་ཡང་སྟོན་ཚེ་རིང་དབང་མོ་གཉིས་ཀྱི་བུར་སྐྱེས།

ལོ་ན་༥ སོན་སྐབས་ཡ་ངལ་གཤེན་གྱི་༧གདན་ས་བསམ་གླིང་དགོན་པའི་སྒྲིག་ལ་ཞུགས།

སློབ་གཉེར་གནང་ཕྱོགས།

སྤྱི་ལོ ༡༩༩༦ ལོར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིར་སླེབས།

སྤྱི་ལོ་ ༡༩༩༧ ལོར་བོན་གཞིས་ཉིན་སློབ་དུ་དམའ་རིམ་སློབ་གྲྭར་སོང་།

སྤྱི་ལོ་༢༠༠༨ ལོར་འཛིན་རིམ་བཅུ་པ་རྒྱ་གར་གཞུང་གི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ཁྲོད་རྒྱུགས་འབྲས་མི་དམན་པ་བླངས།

 ༢༠༠༩- ༢༠༡༡ ལོ་གཉིས་རིང་སླར་ཡང་སོ་ལན་འབྲིང་རིམ་སློབ་གྲྭར་ཚན་རིག་དང་སྨན་གྱི་སྡེ་ཚན་ཁུངས་སུ་འཛུལ་ཞུགས་ཀྱིས་སློབ་གཉེར་གནང་བ་མ་ཟད་རྒྱུགས་འབྲས་ཡང་གཟེངས་སུ་ཐོན་པ་བྱུང་།

༢༠༡༡-༢༠༡༤ ལོ་བཞིའི་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་ཞུགས་ནས། ལོ་རིམ་དང་པོ་སྡུད་གྲྭ་ནས་ལོ་རིམ་བཞི་པ་ཐེག་འགྲེལ་བར་གཞུང་ལུགས་ལ་སློབ་སྦྱོང་བྱས།

ཕྱི་ལོ་ ༢༠༡༤ ལོར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་དང་པོའི་སློབ་མའི་གྲལ་དུ་འཛུལ་ཞུགས་བྱས་ནས་ལོ་ལྔའི་རིང་དགེ་བཤེས་གཡུང་དྲུང་བཀྲ་ཤིས་སོགས་བཤེས་གཉེན་དུ་མའི་དྲུང་དུ་ཞང་བོད་གསོ་རིག་འབུམ་བཞི་གཙོས་པའི་གསོ་རིག་གཞུང་ལུགས་ཁག་དང་དེང་དུས་ཕྱི་ལུགས་སྨན།  དག་ཡིག་སྙན་ངག་ནག་རྩིས་སོགས་ལ་སྦྱངས་པ་མི་དམན་པ་གནངས།

སྤྱི་ལོ ༢༠༢༠-༢༠༢༡ ལོ་གཅིག་གི་རིང་སྨན་པ་པ་སངས་སྟོབས་ལྡན་གྱི་མདུན་ནས་གསོ་རིག་སྨན་གྱི་ལག་ལེན་དང་སྐམ་ཁབ། བསྐུ་མཉེ་སོགས་ཀྱི་སྐོར་ལ་ཉམས་གསོག་གནངས།

བྱ་བའི་ཉམས་མྱོང་།

སྤྱི་ལོ་༢༠༠༨-༢༠༠༩ བར་དྲིན་ཆེན་རྩ་བའི་བླ་མ་སྨན་རིའི་ཁྲི་འཛིན་༣༣པས་བཀའ་གསུང་སྤྱི་བོར་བླངས་ནས་སྨན་རིའི་འཕྲོད་བསྟན་ཁང་དུ་ནད་བཅོས་སྨན་པའི་ལས་རོགས་བྱས། ལོ་རེར་ཕྱི་ལུགས་སྨན་པ་གང་མང་དགོན་འདིར་ཆེད་ཕེབས་ཀྱིས་སྨན་བཅོས་བྱས་མྱོང་བ་བརྒྱུད། ཕྱི་ལུགས་སྨན་བཅོས་སྐོར་ནས་ཉམས་མྱོང་ཡང་གང་འཚམས་བསགས།

༢༠༡༡-༢༠༡༥ བར་ལོ་ལྔའི་རིང་སློབ་གཉེར་གནང་ཞོར་བོན་ཕྲུག་བདེ་དོན་ཁང་གི་འབྲེལ་གཏུགས་པའི་འགན་འཛིན་དང་། བསྭོ་སྒྲ་འདོན་ཐེངས་གཉིས་པའི་གཙོ་སྒྲིག་པའང་བྱས །

༢༠༡༥-༢༠༡༩ བར་སྨན་རིའི་མགྲོན་ཁང་གི་དྲུང་ཡིག་དང་། རྒྱ་གར་གཞུང་དང་ཉེན་སྲུང་སོགས་ལ་གཞུང་འབྲེལ་འབྲེལ་མཐུད་པའི་ལས་འགན་གཅིག་ལྕོགས་སུ་འཁུར། 

༢༠༢༡ ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་ད་ལྟ་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྨན་དགེ་དང་དྲུང་ཡིག་གཅིག་ལྕོགས་སུ་འཁུར་མུས་ཡོད།

གཞན་ཡང་ཏོག་དབྱིབས་ཛ་དྲག་སྐབས་རང་དགོན་སྨན་རིའི་གླིང་ཛ་དྲག་ཚོགས་ཆུང་དུ་སྨན་པའི་འགན་དང། ས་གནས་བོན་གཞིས་ཛ་དྲག་ཚོགས་པའི་གསོ་རིག་སྡེ་ཚན་སློབ་ཐོན་ལས་ཐོགས་པའི་ཁུངས་སུ་ཞུགས།

བགྲོ་གླེང་ཚོགས་ཞུགས་ཉམས་མྱོང་།

རྒྱལ་སྤྱིའི་གསོ་རིག་ཚོགས་ཆེན་དང་རྒྱལ་ཡོངས་གསོ་རིག་ཚོགས་ཆེན་སོགས་ལ་མཉམ་ཞུགས་བྱས་པ་མ་ཟད། བོན་གཞིས་ས་གནས་ཚོགས་པ་ཁག་ལ་གསོ་རིག་འཕྲོད་བསྟེན་དང་འབྲེལ་བའི་གཏམ་བཤད་མང་དུ་བྱས།

དུས་དེབ་དང་དྲྭ་རྒྱ་སོགས་སུ་གསོ་རིག་དང་འབྲེལ་བའི་རྩོམ་ཐུང་འགའ་ཡང་བཀོད་མྱོང་།

དཀའ་བཅུ་པ་སྨན་པ་བློ་གྲོས་འོད་ཟེར་གྱི་ལོ་རྒྱུས་མདོར་བསྡུས།

དཀའ་བཅུ་བ་སྨན་པ་བློ་གྲོས་འོད་ཟེར་ནི་ཕྱི་ལོ་ ༡༩༨༧ ལོར་བལ་ཡུལ་གྱི་མངའ་ཁུངས་རྫོང་གསར་པར་( JomSom ) ཕ་སྤེན་པ་བསམ་འགྲུབ་དང་མ་གསེར་སྐྱིད་སྒྲོན་མ་གཉིས་ཀྱི་བུ་རུ་སྐྱེས། ཕྱི་ལོ་ ༡༩༩༡ ལོར་བོན་གཞིས་རྡོ་ལན་ཇིར་སླེབས་ནས་འདི་ཕྱི་གཏན་གྱི་སྐྱབས་གནས་ཡབ་རྗེ་དཔོན་གསས་བླ་མ་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་བོན་ཕྲུག་བདེ་དོན་གྱི་སྒྲིག་ཁོངས་སུ་ཞུགས། དེ་ནས་བོན་གཞིས་ཉིན་སློབ་ཀྱི་གཞི་རིམ་ནས་འཛིན་གྲྭ་བཅུ་བའི་བར་་སྦྱངས་མཐར་ཕྱིན།

ཕྱི་ལོ་ ༢༠༠༧ ལོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་གཙང་གཙུག་གི་སྡོམ་པ་ཞུས། ལོ་གཉིས་མ་ཟིན་ཙམ་ལ་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དང་སྨན་རིའི་འཕྲོད་བསྟེན་ཁང་སོགས་སུ་ལས་གཉེར་གནང་།

ཕྱི་ལོ་ ༢༠༠༩ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་སྒྲིག་ཞུགས་བྱས་ནས་ལོ་གཉིས་ཙམ་མཚན་ཉིད་ཀྱི་གཞུང་ལ་སྦྱང་བ་བྱས།

ཕྱི་ལོ་ ༢༠༡༡ལོར་བོན་གཞིས་ཉིན་སློབ་ཏུ་འཛིན་རིམ་བཅུ་གཉིས་རྒྱ་གར་གཞུང་གི་དེབ་སྐྱེལ་ཚད་ལྡན་གྲུབ་པ་དང་། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེས་བཀའ་དགོངས་བཞིན་ སླར་ཡང་བོན་གཞིས་ཉིན་སློབ་ཀྱི་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་བཅས་ལ་སྦྱང་བ་མཐར་ཕྱིན་བྱས།

 ཕྱི་ལོ་ ༢༠༡༤ ལོར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་དང་པོའི་སློབ་མའི་གྲལ་དུ་འཛུལ་ཞུགས་བྱས་ནས་དགེ་བཤེས་གཡུང་དྲུང་བཀྲ་ཤིས་སོགས་བཤེས་གཉེན་དུ་མའི་དྲུང་དུ་ཞང་བོད་གསོ་རིག་གི་སྐོར་སོགས་ལ་སྦྱང་བ་མི་དམན་པ་བྱས། 

ཕྱི་ལོ་ ༢༠༡༩–༢༠༢༠ བར་དགེ་བཤེས་རིན་ཆེན་བསྟན་འཛིན་དང་སྨན་པ་པ་སངས་སྟོབས་ལྡན་སོགས་ཀྱི་དྲུང་དུ་གསོ་རིག་ཉམས་གསོག་ལོ་གཅིག་ལྷག་གི་རིང་གནང་།

 ཕྱི་ལོ་ ༢༠༢༡ ཟླ་བ་ ༠༢ ཚེས་ ༢༧ ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་བསླབ་སྡོམ་ཞུས། ད་ལྟའི་ཆར་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་རིན་པོ་ཆེས་བཀའ་དགོངས་བཞིན་སྨན་རིའི་འཕྲོད་བསྟེན་ཁང་གི་འགན་འཛིན་གྱི་ལས་གཉེར་གནང་མུས་བཅས་སོ།     

དཀའ་བཅུ་པ་སྨན་པ་ཤེས་རབ་བྱམས་མའི་ལོ་རྒྱུས་མདོར་བསྡུས།

    དཀའ་བཅུ་བ་སྨན་པ་ཤེས་རབ་བྱམས་མ་ལགས་ནི་༡༩༩༥ལོར་ཕ་བཅོ་ལྔ་ཚེ་རིང་དང་། མ་རིན་ཆེན་གཉིས་ཀྱི་བུ་མོར༌སྐྱེས།
 ༢༠༠༠ ལོར་ཁུ་བོ་དགེ་བཤེས་བསྟན་འཛིན་རྒྱལ་པོས་སྐུ་དྲིན་ལ་བརྟེན་ནས༌རང་ལོ་བཞིའི་ཐོག༌བོན་གཞིས་དྷོ་ལན་ཇིའི་སློབ་གྲྭར་དམའ་རིམ་ནས་འཛིན་གྲྭ་བཅུ་གཉིས་བར་སྦྱོང་བ་མཐར་ཕྱིན་བྱས།
༢༠༡༤ལོར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་དང་པོའི་འཛིན་གྲྭར་ཞུགས་ཏེ་གསོ་རིག་འབུམ་བཞིའི་ཐོག་ལ་ལོ་ངོ་ཧྲིལ་བོ་ལྔའི་རིང་སློབ་གཉེར་ཚུལ་བཞིན་བྱས་ཏེ་༢༠༡༩ལོར་སློབ་མཐར་ཕྱིན།

ཉམས་མྱོང་།

༢༠༡༩-༢༠༢༠བར་རྡ་ས་སྨན་པ་བློ་བཟང་སྒྲོལ་མའི་དྲན་རྟེན་སྨན་ཁང་དུ་ཨམ་རྗེ་ཐོགས་མེད་ཀྱི་དྲུང་ནས་སྨན་གྱི་ཉམས་གསོག་གི་ལས་ཀ་བྱས།

༢༠༢༠-༢༠༢༡ བར་བཙུན་དགོན་རདྞ་སྨན་གླིང་གི་འཕྲོད་བསྟེན་སྨན་པའི་འགན་འཛིན་བྱས་ཏེ་ཞབས་ཞུ་ཞུས།།

༢༠༡༨ ལོའི་ཟླ་༥ པའི༌ནང༌སྨན་རིའི་དཔེ་མཛོད་ཁང་དུ་འཕྲོད་བསྟེན་ཤེས་བྱ༌<<མཆིན༌ནད༌དུག༌ཐབས༌>>སྐོར༌ལ༌གཏམ་བཤད་བྱས།

༢༠༡༨ལོར་སྨན་རིའི་དཔེ་མཛོད་ཁང་དུ་གཡུང་དྲུང་བོན་གྱི་བགྲོ་གླེང་སྐབས༡༧པར་<<འབུམ་བཞི་གཞུང་དོན་ལས་འཕྲོས་པའི་འཕྲོད་བསྟེན་ཤེས་བྱ>>ཞེས་པའི་ཐོག་ལ་གཏམ་བཤད་གནངས།

༢༠༡༨ལོར་ཝར་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གླིང་དུ་<<རྒྱལ་སྤྱིའི་གསོ་བ་རིག་པའི་བགྲོ་གླེང་ཐེངས་གསུམ་པའི་>>ཐོག་མཉམ་ཞུགས་གནངས།

༢༠༡༧ ལོར་ཝར་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གླིང་དུ་<<བརྟག་ཐབས་རིག་པའི་རྒྱལ་ཡོངས་ཚོགས་ཆེན།>>དུ་མཉམ་ཞུགས་བྱས།

༢༠༡༦ལོར་རྡ་སར་<<ལུས་སེམས་སྲོག་གི་བགྲོ་གླེང་>>ཐོག་མཉམ་ཞུགས་བྱས།

གསོ་རིག་འབུམ་བཞི་མཐོ་སློབ་སྨན་རིའི་གླིང་ངོ་སྤྲོད་མདོར་བསྡུས།

ཕྱི་ལོ་ ༡༩༥༩ ལོར་བོད་དུས་འགྱུར་བྱུང་ནས་བོད་མི་རྣམས་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཆེད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་འཁྲིད་དང་གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་མིའི་གཞིས་ཆགས་དང་དགོན་སྡེ་སློབ་གྲྭ་སོགས་ཆེད་འཛུགས་གནང་བའི་ཁོངས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཞིག་ཕྱི་ལོ་ ༢༠༠༤ ལོར་གསར་འཛུགས་གནང་ནས་ཕྱི་ལོ་ ༢༠༡༠ ལོར་གནས་ཡུལ་རྒྱ་གར་དབུས་གཞུང་གི་གསོ་བ་རིག་པ་འདི་ཉིད་ཨ་ཡུ་ཤི་རྒྱ་གར་དབུས་སྨན་པའི་ལྷན་ཚོགས་ཁྱབ་ཁོངས་ཁྲིམས་མཐུན་ངོས་བཞེས་ཐོབ་ཡོད་པ་རེད།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་འདི་ཉིད་ནི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་གི་ཐུགས་བཀོད་དང་བཀའ་དགོངས་གཞིར་བཟུང་འོག་སྤྱིར་བོད་ཀྱི་རིག་གནས་ལ་གཅེས་སྐྱོང་དང་ལྷག་པར་དུ་༼སྨན་རི་དགོན་གྱི་བོད་ཀྱི་གསོ་རིག་སྨན་ལས་ཁང་༽ཞེས་པའི་སྲོལ་རྒྱུན་སྨན་ཁང་ཆུང་ཆུང་ཞིག་ལས་དམིགས་བསལ་གསོ་རིག་འབུམ་བཞིའི་སློབ་གཉེར་ཁང་ཚད་ལྡན་ཞིག་མེད་པ་དང་། སྒོས་སུ་རང་རེའི་ཞང་བོད་གསོ་རིག་འབུམ་བཞིའི་བསྟན་པ་འདི་ཉིད་མི་ཉམས་རྒྱུན་འཛིན་ཉམས་པ་སླར་གསོ་དང་རང་རེའི་གཞོན་སྐྱེས་བོན་ཕྲུག་གསོ་བ་རིག་པར་དོན་གཉེར་གནང་འདོད་ཡོད་རིགས་རྣམས་ལ་མཐུན་རྐྱེན་གྱི་དགོས་མཁོ་དུ་མར་གཟིགས་ནས་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚུད་བོད་ལྕགས་ཡོས་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་འཁྲུངས་མཆོད་ཀྱི་དུས་བཟང་ཁྱད་པར་ཅན་སྟེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་སུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་ཀྱིས་གསོ་རིག་འབུམ་བཞིའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་ས་བསླང་དང་ཐིག་གདབ་ཀྱི་རྟེན་འབྲེལ་མཛད་ཡོད་པ་དང་།

ཕྱི་ལོ་ ༢༠༡༡ ནས་ ༢༠༡༤ བར་ཏེ་ལོ་གྲངས་ཧྲིལ་པོ་གསུམ་གྱི་རིང་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བས་སྐུ་དངོས་ནས་ཐུགས་ཚེགས་དང་སྐུ་ངལ་ཚད་མེད་གནང་སྟེ་བཟོད་བཀོད་འཆར་གཞི་བཞིན་སློབ་གཉེར་བའི་ཆེད་འཛིན་ཁང་ལྔ། རང་སྦྱོང་ཁང་གཉིས། དཔེ་མཛོད་ཁང་། སངས་རྒྱས་སྨན་ལྷའི་མཆོད་ཁང་། ནད་གསོ་ཁང་། ནད་པའི་སྤྱི་ཐབ་ཁང་། བརྟག་དཔྱད་ཁང་། སྨན་སྤྲོད་ཁང་། སྔོ་སྨན་ཁང་། བུ་དང་བུ་མོའི་ཉལ་ཁང་། ལས་ཁུངས་དང་དགེ་རྒན་ལས་བྱེད་རྣམས་ཀྱི་བཞུགས་ཤག་ཅན་བཅས་ཕུན་སུམ་ཚོགས་པའི་ཁང་རྩེག་བདུན་ཅན་གྱི་ཕྱི་ནང་གི་བཀོད་པ་ཁག་ཡོངས་སུ་བཞེངས་བསྐྲུན་ལེགས་པར་མཛད།

ཕྱི་ལོ་༢༠༡༤ ཟླ་ ༥ ཚེས་ ༡༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ལྷག་བསམ་གཏོང་ཕོད་ཅན་གྱི་སྦྱིན་བདག་ཁག་དང་། བོན་གཞིས་སེར་སྐྱ་ མི་མང་ལྷན་འཛོམས་ཀྱིས་གསོ་རིག་འབུམ་བཞིའི་གཙུག་ལག་སློབ་གཉེར་ཁང་གི་ཕྱི་ནང་གི་བཀོད་པ་ཡོངས་སུ་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་རབ་གནས་ཀྱི་དབུ་འབྱེད་གནངས།

ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༢ ཉིན་རྒྱལ་བ་སྨན་རི་བ་མཆོག་ནས་མཐོ་སློབ་འདི་ཉིད་མུ་མཐུད་འཛིན་སྐྱོང་དང་ལག་བསྟར་ཆེད་སྒྲིག་འཛུགས་འགན་འཛིན་ལྷན་ཚོགས་ཀྱི་ལས་མི་བསྐོ་བཞག་བྱས་ཤིང་། འགན་འཛིན་བསྟན་པ་གཡུང་དྲུང་། སྤྱི་ཁྱབ་སློབ་སྟོན་དགེ་རྒན་དགེ་བཤེས་རིན་ཆེན་བསྟན་འཛིན། སྨན་པ་ཐོགས་མེད། སྨན་པ་པ་སངས་སྟོབས་ལྡན་བཅས་བསྐོ་བཞག་གནངས་། ཡན་ལག་རིག་གནས་དགེ་རྒན་བཅས་བསྐོ་བཞག་ཐོག་ལྷག་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་རྒྱུད་བཞི་དང་འབུམ་བཞིའི་སྨན་པ་དེབ་སྐྱེལ་ཡོད་པའི་ཁོངས་འབུམ་བཞིའི་ཚད་ལྡན་ སྨན་པའི་ལག་འཁྱེར་ཡོད་མཁན་སྨན་པ་ཉུང་ཤས་ཤིག་ལས་མེད་པའི་མཐོ་སློབ་གསར་འཛུགས་གནང་ཀྱང་ང་ཚོའི་མཐོ་སློབ་འདིར་སྨན་ གྱི་དགེ་རྒན་མེད་སྟབས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་གསོ་བ་རིག་པའི་ལྷན་ཚོགས་སུ་རེ་འདུན་ཞུས་པ་ལྟར་སྨན་རིའི་དགེ་བཤེས་ཚུལ་ཁྲི མས་དབང་གྲགས་དང་དགེ་བཤེས་གཡུང་དྲུང་བཀྲ་ཤིས་རྣམ་གཉིས་ལ་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༧ ཉིན་གསོ་རིག་ལྷན་ཚོགས་ནས་གསོ་རིག་འབུམ་བཞི་སློབ་ཁྲིད་ཆོག་པའི་ཚད་འཛིན་ལག་འཁྱེར་བསྩལ་ནས་ཁོང་རྣམ་གཉིས་གཏན་འཇགས་སྨན་དགེར་བསྐོ་བཞག་གནང་ནས་མཐོ་སློབ་ཀྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་དང་ལོ་དེར་ཐེངས་དང་པོ་སྨན་སློབ་དྲུག་གསར་དུ་འཛུལ་ཞུགས་བྱས་ནས་མཐོ་སློབ་དངོས་སུ་དབུ་འཛུགས་གནང་ཐུབ་པ་བྱུང་།

ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༩།༣༠ ཉིན་གསོ་བ་རིག་པའི་སློབ་གཉེར་ཁང་གི་སྨན་པ་དཀའ་བཅུ་པའི་བསླབ་གཞི་རྩ་འཛིན་སྒྲིག་གཞི་དང་སློབ་ཚན་སྒྲོམ་གཞི་གཞིར་བཟུང་ཐོག་གསོ་རིག་འབུམ་བཞིའི་སློབ་ཁྲིད་ལས་རིམ་ནང་། ལོ་རིམ་སོ་སོའི་ནང་སྨན་གྱི་སློབ་ཚན་དང་ཟུར་བལྟའི་རིག་གནས་ཁྲིད་གཞུང་རྣམས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ངོས་འཛིན་དེབ་སྐྱེལ་ཐོབ་ཅིང་སྟོན་པའི་བཀའ་དྲི་མ་མེད་པ་གསོ་རིག་འབུམ་བཞི་དེབ་གཟུགས་པར་སྐྲུན་གྱིས་སྒོ་ནས་གནའ་བོའི་ཞང་བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་གསོ་བ་རིག་པའི་སྨན་གཞུང་ལ་སློབ་གཉེར་བྱེད་པའི་འཐུས་སྒོ་ཚང་བར་བྱས།

༢༠༡༦ ཟླ་ ༡ ཚེས་ ༢༦ ཉིན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་དགོངས་དོན་ལྟར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ནས། མཐོ་སློབ་ཁང་འདི་ཉིད་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་དགོངས་དོན་དེབ་སྐྱེལ་ཡོང་བའི་སྙན་ཞུ་ཕུལ་དོན་ལྟར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ ཚོགས་གཞོན་སྨན་པ་ཐོགས་མེད་ལགས་དང་། དྲུང་ཆེ་ཚེ་རིང་མཚམས་གཅོད་ལགས། ས་གནས་གཞིས་འགོ་བློ་ལྡན་ཉི་མ་བཅས་ནས་རྟོག་ཞིབ་ཚོགས་མི་གསུམ་ཕྱི་ལོ་༢༠༡༦ ཟླ་ ༣ཚེས་ ༢༦ ཉིན་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་རྟོག་ཞིབ་ཆེད་ཕེབས་ཀྱིས་ཐེངས་དང་པོའི་རྟོག་ཞིབ་གནང་ནས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་དགོངས་དོན་ལྷན་ཚོགས་ཚོགས་ཐེངས་ ༢༥ པའི་ཚོགས་ཐོག་ཏུ་ལྷན་ཚོགས་ཀྱི་དྲུང་ཆེ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་རྟོག་ཞིབ་ལས་བསྡོམས་དང་དགོས་མཁོའི་ཡིག་ཆ་ཁག་རྟོག་ཞིབ་ཚོགས་མི་སོ་སོའི་དགོངས་ཚུལ་འགེངས་ཤོག་བཅས་ལྷན་ཚོགས་སུ་ཕུལ་དོན་ལྟར། ཚོགས་ཐེངས་དེར་བོད་ཀྱི་གསོ་བ་རིག་པའི་ཁྲིམས་ལུགས་བསྡུས་དོན་དང་འབྲེལ་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་ཁྲིམས་མཐུན་དེབ་སྐྱེལ་སྐོར་ལ་གྲོས་ཚོགས་ནས་སྤྱི་མོས་ངོས་ལེན་གྱི་གྲོས་ཆོད་བྱུང་དོན་ལྟར་ལོ་ངོ་གསུམ་རིང་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༣༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས ༣༠ ལོ་གསུམ་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྨན་པ་དཀའ་བཅུ་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་ངོས་འཛིན་དེབ་སྐྱེལ་གནང་ཐུབ་པ་བྱུང་ཡོད། དེ་ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༡༠ ཚེས ༥ ཉིན་མཐོ་སློབ་ཀྱི་སྨན་དགེ་དགེ་བཤེས་ཚུལ་ཁྲིམས་དབང་གྲགས་ལགས་རྩ་དགོངས་ཞུས་རྗེས་ཁོང་གི་ཚབ་ཏུ་སྨན་རིའི་དགེ་བཤེས་ཟླ་བ་རྣམ་རྒྱལ་མཆོག་མཐོ་སློབ་ཀྱི་སྨན་གྱི་སློབ་ཁྲིད་ཆོག་པའི་གསོ་རིག་ལྷན་ཚོགས་ལ་སྙན་ཞུ་ཕུལ་མཚམས། ཕྱི་ལོ ༢༠༡༦ ཟླ་ ༡༠ ཚེས་ལ་ངོས་བཞེས་སྨན་ཁྲིད་ཆོག་པའི་ལག་འཁྱེར་བསྩལ། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་དགོངས་དོན་བཞིན་ང་ཚོའི་མཐོ་སློབ་ནས་བསྐྱར་དུ་སྙན་ཞུ་རིམ་པར་ཕུལ་དོན་བཞིན་ལོ་ངོ་གསུམ་རིང་གི་མཐོ་སློབ་ཀྱི་དེབ་སྐྱེལ་དུས་ཡུན་རྫོགས་མཚམས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༣ ཉིན་ཡང་བསྐྱར་གསོ་རིག་ལྷན་ཚོགས་ནས་རྟོག་ཞིབ་ཚོགས་ཆུང་མི་སྣ་གསུམ་ལས་གྲུབ་པའི་གསོ་རིག་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་མཚམས་གཅོད། སྨན་པ་སྐྱིད་ལུས། ས་གནས་འགོ་འཛིན་བློ་ལྡན་ཉི་མ་བཅས་དང་ཟུར་དཔང་དུ་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་ཚེ་དབང་དངོས་གྲུབ་དང་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚེ། དེ་བཞིན་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚེགས་གཙོ་ཤེས་རབ་དཔལ་ལྡན་དང་མཐོ་སློབ་འགན་འཛིན་བཅས་འདི་གའི་སློབ་གཉེར་ཁང་དུ་ཐེངས་གཉིས་པའི་རྟོག་ཞིབ་བགྱིས། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ ནས་ ཕྱི་ལོ་ ༢༠༢༡ལོའི་ཟླ་ ༣ ཚེས་ ༣༠ བར་ལོ་ངོ་གསུམ་རིང་དེབ་སྐྱེལ་འཕར་འགྱངས་ཞུས་པ་དང་བསྟུན།

ཕྱི་ལོ་ ༢༠༢༡ ཟླ་བ་ ༨ ཚེས ༢༣ ཉིན་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་དང་དྲུང་ཆེ་སྨན་རམས་པ་ངག་དབང་སྦྱིན་པ། ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་དང་སམ་བྷོ་ཊའི་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་བཅས་མི་སྣ་བཞི་ལས་གྲུབ་པའི་ཚོགས་ཆུང་ཐེངས་གསུམ་པའི་རྟོག་ཞིབ་ཆེད་ཕེབས་གཟིགས་རྟོགས་གྲུབ་རྗེས། གསོ་རིག་འབུམ་བཞིའི་མཐོ་སློབ་འདི་ཉིད་གསོ་བ་རིག་པའི་ལྷན་ཚོགས་ཀྱི་མངའ་ཁོངས་སུ་གསོ་རིག་ཚད་ལྡན་སློབ་གཉེར་ཁང་དུ་གཏན་འཇགས་དེབ་སྐྱེལ་བྱེད་ཐུབ་པ་བྱུང་། ད་ལྟའི་ཆར་སྤྱི་ཁྱབ་དབུ་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་གི་དགོངས་གཞིའི་ལམ་སྟོན་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྟངས་འཛིན་འོག་གསོ་རིག་འབུམ་བཞིའི་མཐོ་སློབ་འདིར་སྤྱི་ཁྱབ་སློབ་སྟོན་སྨན་དགེ་གསུམ་དང་། རྒྱུན་སྡོད་སྨན་དགེ་གསུམ། རིག་གནས་དགེ་རྒན་གཉིས། སློབ་ཕྲུག་ཕོ་མོ་བཅུ་དགུ། འགན་འཛིན་དང་རྒྱུན་ལས། འགན་འཛིན་ལྷན་ཚོགས་བཅས་ཀྱིས་སྟངས་འཛིན་གནང་གི་ཡོད་པ་མ་ཟད། སློབ་ཁྲིད་ཞོར་དུ་སློབ་ཕྲུག་རྣམས་ནས་ཟླ་རེའི་གནམ་གང་ཉིན་ཆགས་མེད་དུ་སངས་རྒྱས་སྨན་ལྷའི་གཞུང་ཆོག་དང་། དེ་བཞིན་སློབ་ཕྲུག་རྣམས་ལ་སྨན་རྩ་ངོས་འཛིན། སྨན་སྦྱོར་ཁང་དུ་སྨན་སྦྱོར་སྟངས། བརྟག་དཔྱད་ཁང་དུ་སྨན་གྱི་བཅོས་ཐབས་བསྐུ་མཉེ། མེ་བཙའ། རྔུལ་དབྱུང་། གཏར་ག དུགས་པ། ལུམས། མེ་བུམ། སྐམ་ཁབ། རྔུབས་ར་སོགས་ཀྱི་མཐུན་རྐྱེན་དང་། ས་གནས་གཞན་གྱི་རིག་གཞུང་བསྟི་གནས་ཁང་སོགས་ལ་ཤེས་ཡོན་བལྟ་བསྐོར། རྒྱལ་སྤྱིའི་གསོ་བ་རིག་པ་དང་འབྲེལ་བའི་ཟབ་སྦྱོང་དང་བགྲོ་གླེང་མཉམ་བཞུགས། སློབ་ཕྲུག་རྣམས་ནས་དུས་རྒྱུན་ནད་པར་བརྟག་དཔྱད་དང་སྨན་སྤྲོད་སོགས་སྤྱི་ཚོགས་ཞབས་ཞུའི་བྱ་བ་སོགས་ལོ་ལྔའི་རིང་གནང་གི་ཡོད་པ་དང་། དེ་ནས་ལོ་གཅིག་རིང་ས་གནས་གཞན་དུ་སྲོལ་རྒྱུན་སྨན་པ་ཞིག་གི་དྲུང་ནས་ཉམས་གསོག་ ཡོད་པ་དང་བླ་གནང་དགོས་པ་པ་བཅས་ཁྱོན་ལོ་དྲུག་རྗེས་སྨན་པ་དཀའ་བཅུ་པའི་མཚན་གནས་ཀྱི་ལག་འཁྱེར་འབུལ་བཞེས་གནང་གི་ཡོད་པ་བཅས་ཀྱི་མཐར་དེ་རིང་གི་སྐལ་བཟང་དགེ་བའི་ཉིན་མོ་རང་ཅག་བོན་འབངས་ཡོང་ཀྱི་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་བདེ་བར་གཤེགས་པ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་མི་ལོ་བཞི་འཁོར་བའི་འདས་མཆོད་ཁྱད་པར་ཅན་དང་འབྲེལ་རྩ་བའི་མའི་བཀའ་དྲིན་སྙིང་ནས་དྲན་བཞིན་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་ཞང་བོད་གསོ་རིག་འབུམ་བཞི་ལ་གསན་སྦྱངས་ལག་ལེན་དང་སྨན་དཔྱད་སྦྱོར་བཟོ་བཅས་ལ་ཉམས་གསོག་ཚད་ལྡན་གནང་སྟེ་མཐར་སྨན་པ་དཀའ་བཅུ་པའི་སྐབས་དང་པོའི་སློབ་ཐོན་མཛད་སྒོ་དང་དེ་བཞིན་གསོ་བ་རིག་པའི་འབུམ་བཞིའི་མཐོ་སློབ་འདི་ཉིད་ཀྱི་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་སུ་གཏན་འཇགས་དེབ་སྐྱེལ་ཞུས་ཐུབ་པ་བྱུང་བ་བཅས་འགན་འཛིན་དགེ་བཤེས་ཚེ་དབང་རྣམ་རྒྱལ་ནས།