གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་བཤད་སྡེའི་ཡིག་ཆའི་པེའུ་ཙེ་ཁང་སྒོ་འབྱེད་དང་སྐབས་ཞེ་གཅིག་པའི་རྒྱུན་ལས་ནས་པར་སྐྲུན་གྲུབ་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་རྒྱལ་ལོ་༣༡༥༨ལོའི་བོད་ཟླ་༦ཚེས་༡༣དང་། ཕྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༢༠ཉིན།

ཞོགས་པའི་ཆུ་ཚོད་༧།༠༠ནས་བཤད་སྡེའི་ཚོགས་གཙོ་གཞོན་ཟུང་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཟུང་གདན་ཞུས་ཀྱིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་རབ་གནས་གསུངས་ཡོད་པ་དང་། རབ་གནས་གྲུབ་རྗེས་འབྲས་སིལ་གསོལ་ཇ་འདེགས་ཕུལ་གྱིས་ད་ལོ་པར་དུ་སྐྲུན་པའི་དཔེ་དེབ་གསུམ་འདུས་མང་ཡོངས་ལ་མཆོད་འགྱེད་གྲུབ་མཚམས། 

སྐྱབས་རྗེ་མཁན་སློབ་རྣམ་གཉིས་ནས་སྨན་རིའི་ཡིག་ཆའི་པེའུ་ཙེ་ཁང་གི་བཀྲ་ཤིས་རྟེན་འབྲེལ་དར་ཚོན་དྲས་གཏུབ་དང་རབ་གནས་བཀྲ་ཤིས་གསོལ། བོད་ལྕགས་གླང་ལོའི་བཤད་སྡེའི་རྒྱུན་ལས་ནས་བཤད་སྡེའི་ཚོགས་ཁང་དུ་ཀུན་དགའ་ར་བ་ཤིང་བརྐོས་མཆོད་ཁྲི་སྤུས་ལེགས་ཅན་གསར་བཞེངས་དང་། ཚོགས་ཁང་མཐིལ་གྱི་ཨར་འདམ་རིགས་དགུན་ཁར་གྲང་ངར་དང་སློབ་གཉེར་བའི་སྐུ་གཟུགས་ལ་གནོད་པར་གཟིགས་ནས། སྦྱིན་པའི་བདག་པོ་བཙལ་འཚོལ་གྱིས་ཚོགས་ཁང་མཐིལ་དུ་གསོན་པའི་མཐིལ་ཤིང་གསར་བཏིངས་ཀྱིས་ཡོངས་སུ་གྲུབ་ཅིང་།

ལོ་ངོ་མང་པོའི་རིང་སྐབས་ཐོག་རྒྱུན་ལས་དག་ནས་རིང་ལུགས་ཀྱི་ཡིག་ཆ་གོང་འོག་བར་གསུམ་གཙོས།  བཤད་སྒྲུབ་འདུས་སྡེའི་སློབ་གཉེར་ལ་ཆེད་མཁོ་དཔེ་དཀོན་རིགས་བསྡུ་བསྒྲིགས།  ཡིག་གཏགས། ཞུ་དག་པར་སྐྲུན་སོགས་སྐུ་ཚེགས་མང་དུ་གནང་ནས་བསྐྱར་དཔར་མ་ཐེ་བའི་དེབ་གྲངས་བདུན་ཅུ་དོན་ལྔ་ལྷག་དཔར་སྐྲུན་གྲུབ་ཡོད། 

དེ་ཡང་སློབ་གཉེར་བ་རྣམས་ཡིག་ཆ་ཁག་ལ་དུས་ནས་དུས་སུ་གཟིགས་བདེ་དང་། སློབ་གླིང་འདི་གའི་པར་སྐྲུན་གྲུབ་པ་དག་ཆེད་ཉར་བྱེད་སའི་དཔེ་ཁང་ཞིག་དགོས་གཏུག་ཏུ་དམིགས་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེར་སྙན་ཞུ་ཕུལ་ཞིང་། རིན་པོ་ཆེས་༼སྨན་རིའི་ཡིག་ཆའི་པེའུ་ཙེ་ཁང་།༽ཞེས་མཚན་གསོལ་ཞིང་སྐབས་ཐོག་རྒྱུན་ལས་རྣམ་པའི་ཚེགས་བཏང་དུ་བླངས་ནས་དེ་རིང་གཞི་ནས་གྲུབ་ཅིང་མཛད་སྒོ་དབུ་འབྱེད་བྱས་ཡོད་པ་རེད།

འདུས་མང་ཡོངས་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་སྟོང་ཚོགས་རྒྱས་འབུལ་དང་། ཉིན་གུང་སྐབས་ཐོག་རྒྱུན་ལས་ཐུན་མོང་ནས་བཞེས་ལག་རྒྱས་འབུལ་གྲ་སྒྲིག་བྱས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

སྐབས་༤༡པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་རྣམ་པ།