གཡུང་དྲུང་བོན་གྱི་དྲྭ་རྒྱ།

དཔལ་ལྡན་རྩ་བའི་བླ་མ་ལ་ཕུལ་བའི་ཐིག་ལེ་ཞེ་ལྔའི་མཆོད་འབུལ་གསང་ཆེན་ཡེ་ཤེས་རོལ་པའི་གད་རྒྱངས།

རང་འབྱུང་གཏན་འབེབ་ཐིག་ལེ་ཉག་གཅིག་གི་ངོས་བཟུང་།།
ཁྱད་པར་རུ་ཤན་གསལ་བ་རང་རིག་གི་མྱོང་བ།།
འཁྲུལ་སྒྲིབ་གོལ་གསུམ་ལས་འདས་གསང་མཆོག་གི་ཡེ་ཤེས།།
ཡེ་ཤེས་ཐིག་ལེ་ཡང་དག་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

རང་མདངས་ཡེ་ཤེས་འོད་གསལ་མཁྱེན་རབ་ཀྱི་རྣམ་པ།།
གསང་བ་དགུ་ཡི་བདག་ཉིད་རང་གསལ་གྱི་རིག་པ།།
རང་ལ་རང་ཤར་རང་གྲོལ་ཀུན་བཟང་གི་དགོངས་གཏེར།།
ཀུན་གཞི་ཡེ་ཤེས་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
གསང་མཆོག་མཐར་ཐུག་རྒྱལ་པོའི་གསེར་ཞལ་དེ་མཇལ་ལོ།།

སྣང་བ་ཕྱི་དང་སྲིད་པ་ནང་བཅུད་ཀྱི་ཤར་ཚུལ།།
དག་དང་དག་བདོ་མ་དག་རྣམ་གསུམ་གྱི་འཇུག་ཚུལ།།
ཐིག་ལེ་གཅིག་དང་མཁའ་ལྔ་རང་ཤར་གྱི་དུས་གསུམ།།
སྣང་སྲིད་ཐིག་ལེ་གསལ་བའི་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

བསྐྱེད་རྫོགས་རིམ་གཉིས་ལམ་གྱི་ཟབ་གནད་ལ་བརྟེན་ནས།།
རླུང་སེམས་དབུ་མར་ཚུད་དེ་བོན་སྐུ་ཡི་ངོ་བོ།།
བདེ་སྟོང་གསལ་གསུམ་རང་བཞིན་སྐུ་གསུམ་གྱི་ཡིན་ལུགས།།
སྣང་གཞི་སྐུ་གསུམ་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
ཡུམ་ཆེན་ཀྱེ་མ་འོད་མཚོའི་གསེར་ཞལ་དེ་མཇལ་ལོ།།

རིང་ཐུང་ཚོན་གང་ཡེ་ཤེས་གཉུག་མ་ཡི་རྩ་ལས།།
བདེ་སྟོང་གསལ་གསུམ་ཡེ་ཤེས་སྡོང་པོ་གསུམ་གྱེས་ཏེ།།
འཁོར་ལོ་ལྔ་དང་དྭངས་མ་ཡེ་ཤེས་ཀྱི་རྩ་མཆོག
བོན་ཉིད་ཐིག་ལེ་ཡེ་ཤེས་དབྱིངས་རྫོགས་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཉི་ཤུ་རྩ་ལྔ་བརྒྱ་དང་རྩ་བརྒྱད་ཀྱི་ངོ་བོ།།
སུམ་བརྒྱ་དྲུག་ཅུ་བདུན་བརྒྱ་ཉི་ཤུ་ཡི་རང་བཞིན།།
བརྒྱད་ཁྲི་བཞི་སྟོང་བདུན་འབུམ་ཉི་ཁྲི་ཡི་ཡིན་ལུགས།།
སྟོང་གཞི་སྐུ་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
ཡུམ་ཆེན་དབང་གི་ལྷ་མོའི་གསེར་ཞལ་དེ་མཇལ་ལོ།།

ནམ་ཡང་མི་ནུབ་རང་འབྱུང་ཡེ་ཤེས་ཀྱི་ཆེ་བ།།
ཐིག་ལེ་མངོན་བྱང་ཙམ་ཕྱེད་ཡང་དག་གི་ངོ་བོ།།
མཁྱེན་གཟིགས་རླུང་དགུ་བསྟན་པ་འཛིན་ཐབས་དང་བཅས་པ།།
མི་ནུབ་ཐིག་ལེ་ཡེ་ཤེས་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

སྲོག་འཛིན་གྱེན་རྒྱུ་མེ་མཉམ་ཁྱབ་བྱེད་དང་ཐུར་སེལ།།
རྩ་བའི་རླུང་ལྔའི་དོན་ལ་རང་དབང་དུ་བསྒྱུར་ནས།།
གྱེར་བསྟན་རིན་ཆེན་འཛིན་སྐྱོང་སྤེལ་གསུམ་གྱི་བོན་འཁོར།།
སྟོང་གཞི་སྐུ་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
རྒོད་ལྕམ་དོན་འབར་མ་ཡི་གསེར་ཞལ་དེ་མཇལ་ལོ།།

གཡུང་དྲུང་གྲུ་ཁུག་གསང་མཆོག་རིགས་ལྔ་ཡི་བརྡ་མཚོན།།
ཉིས་བརྒྱ་ཉེར་ལྔ་ཀུན་གསལ་ཀུན་གྲུབ་ཀྱི་རྒྱལ་སྲས།།
ཆིག་སྟོང་སུམ་བརྒྱ་ལྔ་བཅུ་ཐིག་ལེ་ཡི་རྣམ་གྲངས།།
མི་འགྱུར་ཐིག་ལེ་གཡུང་དྲུང་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཟག་བཅས་ཀུན་རྫོབ་ཐིག་ལེ་འཛིན་ཐབས་ལ་མཁས་ཤིང་།།
ཟག་མེད་བདེ་ཆེན་ཐིག་ལེ་སྐྱོང་ཐབས་ལ་མཁས་པ།།
མི་འགྱུར་བདེ་སྟོང་ཐིག་ལེ་བརྗོད་མེད་ཀྱི་བདེ་དགའ།།
སྟོང་གཞི་སྐུ་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
ཡུམ་ཆེན་ཐུགས་རྗེ་བྱམས་མའི་གསེར་ཞལ་དེ་མཇལ་ལོ།།

སྐྱེ་མེད་ངོ་བོ་ཉིད་ཀྱི་རང་འབྱུང་གི་རྩལ་ལས།།
འཕྲུལ་གྱི་ཐོ་ཡིག་བཞི་བཅུའི་དབྱངས་གསལ་གྱི་བཀོད་པ།།
འབྱུང་ཆེན་འབྱུང་ཆུང་ལུགས་ཀྱི་འཕྲུལ་ཡིག་གི་སྡེ་ཚན།།
སྐྱེ་མེད་ཐིག་ལེ་ཡེ་ཤེས་དབྱིངས་རྫོགས་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

བོན་ཉིད་དབྱིངས་དང་དཔའ་བོ་འབྲུ་ལྔ་ཡི་ས་བོན།།
ཐོ་ཡིག་བཞི་བཅུའི་དབྱངས་གསལ་ཡི་གེ་ཡི་ཚོགས་དང་།།
འབྱུང་ཁུངས་གནས་བརྒྱད་ལས་བྱུང་གསལ་དག་གི་བརྡ་སྐད།།
སྟོང་གཞི་སྐུ་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
ས་འཛིན་འོད་སངས་མ་ཡི་གསེར་ཞལ་དེ་མཇལ་ལོ།།

སྟོན་པའི་ཆེ་བ་བཀའ་ཡི་ཉིང་ཁུ་རུ་བསྡུ་བ།།
ཡེ་ཤེས་དཀྱིལ་འཁོར་ཀུན་བཟང་འོད་ཟེར་དང་གཏང་རག།
ཕྱི་དབང་དོན་སྐོར་བརྒྱད་ཅུ་རྩ་བདུན་གྱི་རིམ་པ།།
སྟོན་པའི་ཐིག་ལེ་ཡེ་ཤེས་ཀུན་བཟང་གི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ལུང་ཆེན་སྡེ་བཞི་ལྟ་སྒོམ་སྤྱོད་འབྲས་ཀྱི་དབང་དང་།།
དབྱིངས་རོལ་དབལ་གསས་གཙོ་ཕུར་རྣམ་བཞི་ཡི་དབང་བཞིས།།
རང་རྒྱུད་སྨིན་ནས་གསང་མཆོག་མཐར་ཐུག་གི་སྣོད་རུང་།།
ལུང་གཞི་དབང་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
ནམ་མཁའི་མདངས་ལྡན་མ་ཡི་གསེར་ཞལ་དེ་མཇལ་ལོ།།

ལུང་སྒོ་བདུན་དང་རྩ་དབང་རྣམ་གསུམ་གྱི་རིམ་པ།།
གཞི་དྲུག་ལྷུན་གྲུབ་ཡེ་སངས་རྒྱས་པ་ཡི་དབང་མཆོག
ནང་དབང་དོན་བསྐོར་བརྒྱད་ཅུ་རྩ་བདུན་གྱི་འགྲིག་རིམ།།
ལུང་གི་ཐིག་ལེ་ཡེ་ཤེས་ཀུན་འབྱུང་གི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

གཞི་དྲུག་ལྷུན་གྲུབ་གསང་ཆེན་གཉུག་མ་ཡི་གཞི་དོན།།
གཞི་ཉིད་ཡེ་སངས་རྒྱས་པའི་དོན་ཆེན་དེ་རྟོགས་ནས།།
སྐུ་གསུམ་སྐུ་བཞི་དབང་བཞི་ལྟ་སྤྱོད་དང་འཕྲིན་ལས།།
ལུང་གཞི་དབང་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
སྲིད་པ་ཀུན་སྐྱོང་མ་ཡི་གསེར་ཞལ་དེ་མཇལ་ལོ།།

རྒྱུད་འཇུག་བདུན་དང་ཚོགས་སྦྱོར་མཐོང་སྒོམ་གྱི་དབང་ཆེན།།
རྒྱལ་ཆེན་དུར་ཁྲོད་མ་བཞི་རྩ་བཞི་ཡི་དབང་ཆེན།།
ལམ་དྲུག་ས་གསུམ་ཉིས་བརྒྱ་བཅུ་གཅིག་གི་གསང་དབང་།།
རྒྱུད་ཀྱི་ཐིག་ལེ་རིག་པ་ཐབས་ཆེན་གྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཚོགས་ལམ་ཚོགས་དང་སྦྱོར་ལམ་བསྐྱེད་རིམ་གྱིས་བགྲོད་ནས།།
མཐོང་ལམ་སྔགས་དང་ལམ་དྲུག་ཐབས་དྲུག་ལ་བརྟེན་ཏེ།།
དག་པའི་ས་གསུམ་ཐར་སྨིན་གྲོལ་གསུམ་དང་འབྲེལ་བ།།
ལུང་གཞི་དབང་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
འབྱུང་བའི་ཀློང་བསྐྱེད་མ་ཡི་གསེར་ཞལ་དེ་མཇལ་ལོ།།

སྒོ་བདུན་འབྲས་བུ་ཚད་མེད་ཐུགས་རྗེ་ཡི་དབང་ཆེན།།
གསལ་བ་གསང་མཆོག་རིགས་ཀྱི་ལྷ་ལྔ་ཡི་དབང་མཆོག
ཉིས་བརྒྱ་དྲུག་ཅུ་ལྔ་ཡི་ཡང་གསང་གི་དོན་སྐོར།།
མན་ངག་ཐིག་ལེ་ཡང་དག་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཚད་མེད་ཐུགས་རྗེ་ཁྲིད་བརྒྱད་བཞག་ཐབས་ལ་བརྟེན་ནས།།
ཡུམ་ཆེན་སོ་གཉིས་རྒྱུན་ཡུམ་ཉི་ཤུ་ཡི་མཁའ་འགྲོ།།
གསང་མཆོག་རིགས་ལྔའི་ཞིང་ཁམས་རབ་འབྱམས་ཀྱི་བཀོད་པ།།
ལུང་གཞི་དབང་བཞི་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
བསྐལ་པའི་གྲངས་འཛིན་མ་ཡི་གསེར་ཞལ་དེ་མཇལ་ལོ།།

ཡེ་ཤེས་ལྷུན་གྲུབ་རང་འབྱུང་ཡེ་ཤེས་ཀྱི་ལྟ་བ།།
རང་ལ་གནས་པ་གོམས་ཤིང་འདྲིས་པ་ཡི་རྟོགས་ཚད།།
གདེང་དང་ལྡན་ནས་བརྟན་པར་གྱུར་པ་ཡི་འབྲས་བུ།།
ལྟ་བའི་ཐིག་ལེ་རྟོགས་གདེང་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ལེ་ལོའི་སད་དང་ཕྱི་བཤོལ་དགྲ་ལག་ཏུ་མ་ཤོར།།
བརྩོན་འགྲུས་གྲོགས་ཀྱིས་བསྐྱོར་ནས་ངང་ཐག་དེ་བསྲིངས་པས།།
འགལ་རྐྱེན་གླགས་སུ་མི་སྟེར་རང་གྲོལ་གྱི་གདེང་ཆེན།།
དོན་གཞི་ལྟ་སྤྱོད་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
བདེ་ཆེན་ཡུམ་ཆེན་བཅུ་དྲུག་གསེར་ཞལ་དེ་མཇལ་ལོ།།

སྤྱོད་པ་ཀུན་དགའ་ཐིག་ལེ་མ་རྒྱུད་ཀྱི་ཡེ་ཤེས།།
མ་ཆགས་ཀུན་སྤྱོད་རྣམ་པར་མི་ཤིག་པའི་མཉམ་བཞག
དག་པ་རང་གྲོལ་རྟུལ་ཤུགས་ཀློང་ཆེན་གྱི་སྤྱོད་པ།།
སྤྱོད་པའི་ཐིག་ལེ་མ་ཆགས་རྣམ་དག་གི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ལྟ་བའི་རྟོགས་ཚད་ལ་བསྟུན་སྤྱོད་པ་ཡང་དེ་བཞིན།།
དང་པོའི་དུས་སུ་སྤྱོད་པ་ཀུན་དགའ་ཡི་སྙིང་པོ།།
དེ་ནས་མ་ཆགས་མི་ཤིག་རྟུལ་ཤུགས་ཀྱི་རྩལ་ཆེན།།
དོན་གཞི་ལྟ་སྤྱོད་ལྷུན་གྲུབ་ཕོ་བྲང་དེ་བཏབ་ནས།།
རོལ་པའི་ཁྲོ་མོ་སོ་གཉིས་གསེར་ཞལ་དེ་མཇལ་ལོ།།

ཞི་རྒྱས་དབང་དྲག་ཐིག་ལེ་ཉག་གཅིག་ཏུ་འདུས་ཤིང་།།
རྩལ་མེད་ལྷུན་གྲུབ་ལྷུན་གྲུབ་ཆེན་པོ་ཡི་བཀོད་པ།།
གསང་ཆེན་མ་རྒྱུད་འདི་ཡི་ཐུན་མིན་གྱི་ལུགས་བཟང་།།
འཕྲིན་ལས་ཐིག་ལེ་རྩལ་མེད་ལྷུན་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཡར་ལ་དེད་ན་རྩོལ་བྲལ་ཆེན་པོ་ལ་ཐུག་ཚུལ།།
ཕྱིར་ལ་དེད་ན་ལྷུན་གྲུབ་ཆེན་པོ་ལ་ཐུག་ཚུལ།།
གཞི་དྲུག་ལྷུན་གྲུབ་འདི་ཡི་ངོ་མཚར་གྱི་བཀོད་པ།།
ལས་གཞི་འཕྲིན་ལས་ལྷུན་གྲུབ་ཕོ་བྲང་དེ་བཏབ་་ནས།།
ཁྲོ་མོ་དྲེགས་འདུལ་བཞི་ཡི་གསེར་ཞལ་དེ་མཇལ་ལོ།།

སྦྱོར་སྒྲོལ་སྤོར་གསུམ་ལྔ་གསུམ་བཅོ་ལྔ་ཡི་ཚོགས་ཆེན།།
ཐབས་ཆེན་སྡེ་དྲུག་སྒྲིབ་གཉིས་རྩད་གཅོད་ཀྱི་མཆོད་པ།།
བཞི་གསུམ་བཅུ་གཉིས་གསང་ཆེན་ཡེ་ཤེས་ཀྱི་ལམ་རིམ།།
ལམ་གྱི་ཐིག་ལེ་ཡེ་ཤེས་བགྲོད་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ལྔ་གསུམ་བཅོ་ལྔ་ཉེར་བཞག་ཆུང་ངུ་ཡི་དངོས་གྲུབ།།
ཐབས་ཆེན་སྡེ་དྲུག་ཡང་དག་འབྲིང་པོ་ཡི་ཕ་འབབ།།
རྫུ་འཕྲུལ་རྐང་བཞི་ཚོགས་ཆེན་ཡེ་ཤེས་ཀྱི་དགོངས་གཏེར།།
ཚོགས་གཉིས་ཟུང་འཇུག་ཚོགས་ཆེན་ཕོ་བྲང་དེ་བཏབ་ནས།།
རྒྱལ་བཞི་གནས་བརྒྱད་མཁའ་འགྲོའི་གསེར་ཞལ་དེ་མཇལ་ལོ།།

བཞི་སྦྱོར་དང་པོ་རྣམ་གསུམ་ཡེ་ཤེས་ཀྱི་དགོངས་རིམ།།
སྒོམ་དང་མཆོད་འབུལ་གསོལ་འདེབས་དབང་བསྐུར་གྱི་རིམ་པ།།
གསལ་བརྟན་ཚད་དགུ་མཐར་ཕྱིན་ཉམས་ལྔ་དང་སྦྱར་ནས།།
དགོངས་པའི་ཐིག་ལེ་མི་གཡོ་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

བླ་མ་བཞི་ཡི་བྱིན་རླབས་རང་རྒྱུད་ལ་ཞུགས་ནས།།
ཡི་དམ་བཞི་ཡི་ཐུགས་རྗེ་རང་རྒྱུད་ལ་ཐིམ་ནས།།
མཁའ་འགྲོ་བཞི་ཡི་ནུས་སྟོབས་རང་རྒྱུད་ལ་རྫོགས་ནས།།
དགོངས་སྤྱོད་གསུམ་གྱི་གསང་ཆེན་ཕོ་བྲང་དེ་བཏབ་ནས།།
བྱམས་ལྡན་དྲོད་རྙེད་སྒོ་མའི་གསེར་ཞལ་དེ་མཇལ་ལོ།།

བཞི་སྦྱོར་གཉིས་པ་ཏིང་འཛིན་རྣམ་གསུམ་གྱི་བསྐྱེད་རིམ།།
སྦྱོང་བྱེད་གསུམ་དང་སྦྱངས་འབྲས་སྐུ་གསུམ་གྱི་ཆེ་བ།།
བསྐུལ་འདེབས་གསུམ་དང་སྟོང་གསུམ་ལྷུན་རྫོགས་ཀྱི་བསྐྱེད་རིམ།།
ཏིང་འཛིན་ཐིག་ལེ་མི་འགྱུར་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཕྱི་ལྟར་སྟོང་གསུམ་སྣང་སྲིད་ལྷུན་རྫོགས་ཀྱི་བསྐྱེད་རིམ།།
སུམ་བརྒྱ་དྲུག་བཅུ་རྩ་ལྔའི་དཀྱིལ་འཁོར་ལ་དབང་ཞིང་།།
མཁའ་འགྱིང་རིགས་ལྔས་དབང་བསྐུར་ཉམས་གྲིབ་ཀུན་སེལ་ཏེ།།
ཏིང་འཛིན་གསུམ་གྱི་གསང་ཆེན་ཕོ་བྲང་དེ་བཏབ་ནས།།
རྩེར་ཆིབས་སྟོབས་ལྡན་སྒོ་མའི་གསེར་ཞལ་དེ་མཇལ་ལོ།།

བཞི་སྦྱོར་གསུམ་པ་ཐུགས་རྗེ་རྣམ་གསུམ་གྱི་བསྐྱེད་རིམ།།
བརྒྱ་དང་རྩ་བརྒྱད་གསང་མཆོག་རབ་འབྱམས་ཀྱི་དཀྱིལ་འཁོར།།
དྲུག་ལྡན་རྒྱལ་བའི་ཞིང་ནས་ལྷང་ངེ་རུ་བཞེངས་ཏེ།།
ཐུགས་རྗེ་ཐིག་ལེ་ཡེ་ཤེས་ཀུན་སྙོམས་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཐུགས་རྗེ་ཆེན་པོ་གསུམ་གྱི་ཡེ་ཤེས་ལ་དབང་ནས།།
མ་དག་ཕུང་ཁམས་འབྱུང་དུག་ཐ་མལ་གྱི་རྟེན་འདི།།
གསང་ཆེན་ཡེ་ཤེས་དགོངས་པས་ལྷ་སྐུ་རུ་བསྒྱུར་ཏེ།།
ཐུགས་རྗེ་ཆེན་པོ་གསུམ་གྱི་ཕོ་བྲང་དེ་བཏབ་ནས།།
བཟོད་ཐོབ་བདེ་ལྡན་སྒོ་མའི་གསེར་ཞལ་དེ་མཇལ་ལོ།།

བཞི་སྦྱོར་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་བསྐྱེད་རིམ།།
ཡང་དག་དོན་དང་བདག་དོན་གཞན་དོན་གྱི་ཤེས་རབ།།
ལྷན་སྐྱེས་ལྔ་ཡི་དགོངས་པ་ཡང་རབ་ཀྱི་བསྐྱེད་ཆོག
ཤེས་རབ་ཐིག་ལེ་ལྷན་སྐྱེས་ཡེ་ཤེས་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

རང་འབྱུང་ངང་ལ་རྫོགས་པའི་གསས་མཁར་གྱི་ལྷ་ཚོགས།།
རིམ་བསྐྱེད་བློ་ཡི་རྩོལ་སྒྲུབ་མཚན་མ་དང་བྲལ་ཞིང་།།
གསལ་འདེབས་དྲན་པ་ཙམ་གྱིས་ཆུ་ཝུར་བཞིན་བརྡོལ་ཏེ།།
ཤེས་རབ་ཆེན་པོ་གསུམ་གྱི་ཕོ་བྲང་དེ་བཏབ་ནས།།
བོན་མཆོག་ཀུན་ལྡན་སྒོ་མའི་གསེར་ཞལ་དེ་མཇལ་ལོ།།

རྒྱུད་གསུམ་གསང་ཆེན་ལྷ་ཚོགས་ཐམས་ཅད་ཀྱི་སྙིང་ཁྲག
དྲུག་གསུམ་བཅོ་བརྒྱད་རྣམ་གྲོལ་ཟབ་མོ་ཡི་ཡང་སྙིང་།།
ཐིག་ལེ་ཞེ་ལྔའི་ལྷ་ཚོགས་ཐམས་ཅད་ཀྱི་སྲོག་སྙིང་།།
རྫུ་འཕྲུལ་ཐིག་ལེ་ཡེ་ཤེས་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

གཞི་ལམ་འབྲས་བུས་བསྡུས་པའི་གཞི་འབྲས་ཀྱི་ལྷ་འཛབ།།
སུམ་བརྒྱ་དྲུག་ཅུའི་ཡང་སྙིང་རླུང་སེམས་དང་བཟླས་སྔགས།།
དབང་བསྒྱུར་སྔགས་ཀྱིས་ཟིལ་གནོན་སྣང་ཁམས་ཀུན་དབང་སྡུད།།
བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི་ཕོ་བྲང་དེ་བཏབ་ནས།།
གནས་ཆེན་ཉེར་བཞིའི་མཁའ་འགྲོའི་གསེར་ཞལ་དེ་མཇལ་ལོ།།

ཐབས་ལམ་དང་པོ་བཅུ་དྲུག་ཐིག་ལེ་ཡི་འབར་འཛག
རྩ་གསུམ་འཁོར་ལོ་རྩ་འདབ་ལྷ་གྲངས་ཀྱི་བཀོད་པ།།
བཞི་ལྡན་དགུ་ཕྲུག་གནད་གསུམ་གཏུམ་མོ་ཡི་ཉམས་ལེན།།
འབྱུང་བའི་ཐིག་ལེ་ཡེ་ཤེས་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

གནད་གསུམ་བཞི་སྦྱོར་དགུ་ཕྲུག་རྩ་རླུང་གི་ཉམས་ལེན།།
གག་ཆེན་བཅུ་དྲུག་དྲེད་བཞི་གཅོད་ཐབས་ཀྱི་ཕྱག་ལེན།།
འབར་འཛག་ཕྲ་ཐིག་ཞུ་བའི་བཅུ་དྲུག་གི་ཞུན་ཐིག
ཁྱད་པར་རྩ་བའི་རླུང་ལྔའི་ཕོ་བྲང་དེ་བཏབ་ནས།།
ཐར་ལམ་འདེགས་བྱེད་སྒྲོལ་མའི་གསེར་ཞལ་དེ་མཇལ་ལོ།།

རྨི་ལམ་གཉིས་པ་ཐུན་མོང་ཁྱད་པར་གྱི་སྔོན་འགྲོ།།
ཉི་ཤུའི་གནད་ཀྱིས་སྒྱུ་མ་བཅུ་གཅིག་གི་རང་བཞིན།།
སྣང་བར་གང་འདོད་སྤྲུལ་བསྒྱུར་སྤེལ་གསུམ་གྱི་དཔའ་གདེང་།།
བདག་ཉིད་ཐིག་ལེ་གསལ་བའི་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

འབྱམས་བཞི་བཅད་པའི་ལམ་ཁྱེར་ཡེ་ཤེས་ཀྱི་རྩལ་ལས།།
ཟུང་འཇུག་དག་པའི་སྒྱུ་ལུས་མངོན་སུམ་དུ་བཞེངས་ནས།།
གསང་ཆེན་མཁའ་སྤྱོད་བགྲོད་པའི་ཡེ་ཤེས་ཀྱི་རྩལ་ཆེན།།
གསང་ཆེན་གོ་ཆ་མ་བཞིའི་ཕོ་བྲང་དེ་བཏབ་ནས།།
མཁའ་འགྲོ་སྒྱུ་མ་ཆེན་མོའི་གསེར་ཞལ་དེ་མཇལ་ལོ།།

གཉན་ལམ་གསུམ་པ་ཚོགས་ཆེན་སྒྱུ་མ་ལ་བསླབ་ནས།།
ཐིག་ལེ་ཉག་གཅིག་ཡེ་ཤེས་གཉན་ཐོག་ལ་དབབ་ཏེ།།
གྲུབ་པ་ནད་གདོན་གཅོད་དང་མཆོག་ཐུན་གྱི་དྲོད་ཚད།།
ཚོགས་ཀྱི་ཐིག་ལེ་གྲུབ་པའི་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ལྡོག་བཞི་བཅད་པའི་ཚོགས་ཆེན་ཆགས་མེད་ཀྱི་སྦྱིན་པ།།
སྒྱུ་འཕྲུལ་ཚུར་བྱུང་སྒྱུ་ལུས་ཕར་སྤྲུལ་གྱི་མངོན་འགྱུར།།
སྒྱུ་མ་ཆགས་སྡང་རྩད་གཅོད་ཡེ་ཤེས་ཀྱི་རལ་གྲི།།
གཉན་ཆེན་རང་འབྱུང་རིག་པའི་ཕོ་བྲང་དེ་བཏབ་ནས།།
གཉན་ལམ་ཚོགས་ཀྱི་བདག་མོའི་གསེར་ཞལ་དེ་མཇལ་ལོ།།

འཕེན་ལམ་བཞི་པ་ད་ལྟ་གནས་པ་ཡི་དུས་འདིར།།
རབ་འབྲིང་ཐ་མའི་འཕོ་ཐབས་རྣམ་དགུ་ཡི་རྩལ་སྦྱོང་།།
གྲོང་འཇུག་འགྲོ་དོན་རྟོགས་ཐོབ་དུས་མཉམ་ཀྱི་ཆེ་བ།།
སྒྲུབ་པའི་ཐིག་ལེ་བྱང་ཆུབ་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

བརྒལ་བཞི་བཅད་པའི་འཕེན་ལམ་ཡེ་ཤེས་ཀྱི་རྩལ་ལས།།
མ་སྒོམ་བཙན་ཐབས་གྲོལ་བའི་གདམས་ངག་གི་རྒྱལ་པོ།།
གྲོང་འཇུག་འགྲོ་དོན་བསམ་ཡས་ངོ་མཚར་གྱི་འཕྲིན་ལས།།
གསང་ཆེན་གནད་དགུ་སྒྲུབ་པའི་ཕོ་བྲང་དེ་བཏབ་ནས།།
འཕེན་ལམ་ཐར་པའི་ལམ་འདྲེན་གསེར་ཞལ་དེ་མཇལ་ལོ།།

འཆི་ལམ་ལྔ་པ་ཆགས་མེད་རྣམ་དྲུག་གི་སྟོབས་དང་།།
སྣང་འབྱུང་སྲོག་དང་ཉོན་མོངས་ཤེས་བྱ་ཡི་འགག་རིམ།།
རང་སྣང་ངོ་ཤེས་སྣང་བ་རྣམ་གསུམ་གྱིས་བསུ་མ།།
གནས་ཀྱི་ཐིག་ལེ་དེ་བཞིན་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

སོ་གསུམ་བཞི་བཅུ་བདུན་དང་གསུམ་གཉིས་ཀྱི་ཚོགས་དང་།།
བརྒྱད་ཅུ་རྩ་ལྔ་ཉི་ཁྲི་བདུན་འབུམ་གྱི་ཉོན་མོངས།།
རྣམ་གསུམ་ཤེས་སྒྲིབ་ཚོགས་རྣམས་རྩ་བྲལ་དུ་དེངས་ཏེ།།
མཐར་ཐུག་གསང་ཆེན་འོད་གསལ་ཕོ་བྲང་དེ་བཏབ་ནས།།
འཆི་ལམ་བར་དོ་ཀུན་འདུལ་གསེར་ཞལ་དེ་མཇལ་ལོ།།

གཉིད་ལམ་དྲུག་པ་དུས་བཞི་མཉམ་སྦྱོར་གྱི་ཉམས་ལེན།།
བཞི་གསུམ་བཅུ་གཉིས་གནད་ཀྱིས་འཕྱོས་སྐྱོན་བཞི་ཟློག་ནས།།
འོད་གསལ་བཞི་ཡི་རང་ཞལ་སྒྲིབ་མེད་དུ་གསལ་བ།།
གསལ་བའི་ཐིག་ལེ་འོད་གསལ་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

མ་རིག་གཉིད་ཀྱི་མུན་པ་གཏན་སངས་སུ་གྱུར་ནས།།
འཁོར་བའི་གཉིད་ཀྱི་འཁྲུལ་སྣང་རྩ་བ་ནས་ཆད་དེ།།
སྨྲ་བརྗོད་མི་ཤེས་དྭངས་སང་འོད་གསལ་གྱི་རང་མདངས།།
སྟོང་གསལ་བདེ་ཆེན་འོད་གསལ་ཕོ་བྲང་དེ་བཏབ་ནས།།
གཉིད་ལམ་གསལ་བྱེད་གདོས་བྲལ་གསེར་ཞལ་དེ་མཇལ་ལོ།།

ཚད་མེད་བྱམས་པའི་ཡོན་ཏན་བཅུ་དྲུག་དང་ལྡན་ཞིང་།།
བརྒྱད་གསུམ་ཉེར་བཞི་བླ་སློབ་མཚན་ཉིད་ཀྱི་བརྟག་པ།།
སྐྱོང་ཐབས་བཅུ་དང་སྐྱབས་སེམས་གསོལ་འདེབས་ཀྱི་རིམ་པ།།
བྱམས་པའི་ཐིག་ལེ་ཀུན་སྙོམས་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཚད་མེད་བྱམས་པའི་ཡོན་ཏན་བཅུ་དྲུག་གིི་མཛོད་འཛིན།།
མཚན་ཉིད་བརྒྱད་ལྡན་བླ་སློབ་སྣོད་བཅུད་གཉིས་ལྷན་འཛོམས།།
སྐྱོང་ཐབས་རྣམ་བཅུ་འགྲོ་འདུལ་ཐབས་མཁས་ཀྱི་མཛད་པ།།
ཐེག་ཆེན་བླ་མེད་སྐྱབས་སེམས་ཕོ་བྲང་དེ་བཏབ་ནས།།
ཐར་ལམ་མ་དྲུག་ཡུམ་གྱི་གསེར་ཞལ་དེ་མཇལ་ལོ།།

འཁོར་འདས་རྩ་བ་གཅོད་པའི་ལམ་བརྒྱད་ཀྱི་སྟོབས་དང་།།
མཐུན་དང་མི་མཐུན་ཕྱོགས་གཉིས་རོ་སྙོམས་ཀྱི་སྟོབས་དང་།།
གཞན་ཕན་འོད་ཟེར་ས་ནོན་མཆོག་ས་རུ་འགོད་ཐབས།།
སྟོབས་ཀྱི་ཐིག་ལེ་འོད་ཟེར་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཕྱོགས་ངན་བརྒྱད་ལས་ཐར་བའི་མཆོག་སྒྲུབ་ཀྱི་ཉམས་ལེན།།
མཐུན་དང་མི་མཐུན་རོ་སྙོམས་རྣམ་གསུམ་གྱི་སྒྲུབ་པ།།
ཞེ་འདོད་དང་བྲལ་ས་ནོན་ཐུབ་བཞི་དང་མཆོག་ས།།
འཁྲུལ་གཞི་རྩད་གཅོད་སྟོབས་ཀྱི་ཕོ་བྲང་དེ་བཏབ་ནས།།
ཐར་ལམ་མ་དྲུག་ཡུམ་གྱི་གསེར་ཞལ་དེ་མཇལ་ལོ།།

ལམ་ལ་གཟུད་ཕྱིར་དད་པ་སྐྱབས་སེམས་ཀྱི་སྟོབས་དང་།།
བུམ་མཚམས་གྲིབ་སེལ་དབང་བསྐུར་བཤགས་སྡོམ་གྱི་རིམ་པ།།
ཐིག་ལེ་གཅིག་དང་ཐུགས་རྗེ་ཚོར་མེད་ཀྱི་དགོངས་པ།།
བཟོད་པའི་ཐིག་ལེ་ཡེ་ཤེས་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཉམས་པའི་རྩ་ལྟུང་སྟོབས་བཞིའི་བཤགས་སྦྱང་གི་རིམ་པས།།
ཕྱི་ཡི་ཉེས་བྱས་མཚོ་ཡི་འཁྱག་རོམ་བཞིན་བཞུ་སྟེ།།
ནང་གི་འཛིན་རྟོག་མཁའ་ལ་རྡུལ་ཕྲན་བཞིན་དྭངས་སངས།།
བྱུང་ཚོར་མེད་པའི་བཟོད་ཆེན་ཕོ་བྲང་དེ་བཏབ་ནས།།
ཐར་ལམ་མ་དྲུག་ཡུམ་གྱི་གསེར་ཞལ་དེ་མཇལ་ལོ།།

ཐར་པ་མྱུར་དུ་ཐོབ་པའི་ཐབས་ལམ་ཀྱི་མཆོག་གྱུར།།
ཆགས་མེད་སྦྱིན་པས་ཚོགས་གཉིས་རྫོགས་ཐབས་ཀྱི་རིམ་པ།།
སྦྱིན་དང་ཐིག་ལེ་མ་གོད་ཡོངས་བཀྱེ་དང་ཁྱབ་ཆེན།།
སྦྱིན་པའི་ཐིག་ལེ་ཡོངས་ཁྱབ་བླ་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཏིང་འཛིན་བོན་དང་ཟང་ཟིང་ཆགས་མེད་ཀྱི་སྦྱིན་པ།།
སྣང་བ་རྒྱན་ཁྱེར་ཡོངས་བཀྱེ་འདུས་བྱས་ཀྱི་མ་འདལ།།
ཁྱབ་པ་ཆེན་པོ་གསང་བ་བཞི་འདུས་ཀྱི་མཆོད་སྤྲིན།།
ཆགས་མེད་སྦྱིན་པ་ཆེན་པོའི་ཕོ་བྲང་དེ་བཏབ་ནས།།
ཐར་ལམ་མ་དྲུག་ཡུམ་གྱི་གསེར་ཞལ་དེ་མཇལ་ལོ།།

དབང་ནོས་རྟེན་འབྲེལ་ལ་བརྟེན་ཡི་དམ་གྱི་དམ་ཚིག
གཙིགས་སུ་འཛིན་ནས་མི་འདོར་དམ་བཅའ་དང་སྨོན་ལམ།།
ཉག་གཅིག་ཡེ་ལྔ་རེ་དྭོགས་གཉིས་བྲལ་གྱི་སྨོན་པ།།
སྨོན་ལམ་ཐིག་ལེ་རེ་དྭོགས་གཉིས་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

འགྱུར་མེད་དམ་བརྟན་འདོར་མེད་ཡི་དམ་ལ་སྨོན་ཞིང་།།
སྟོབས་བཞིས་བཤགས་སྦྱང་ཉག་གཅིག་ཡེ་ཤེས་ལ་གསལ་གདབ།།
རེ་དྭོགས་མེད་པའི་སྨོན་ལམ་གསང་ཆེན་གྱི་མཆོད་པ།།
ཉམས་ང་མེད་པའི་ཡེ་ཤེས་ཕོ་བྲང་དེ་བཏབ་ནས།།
ཡུམ་ཆེན་སྨིན་ལམ་མ་ལྔའི་གསེར་ཞལ་དེ་མཇལ་ལོ།།

གསང་བ་སྔགས་ཀྱི་རྩ་བ་དམ་ཚིག་ལ་ཐུག་ཅིང་།།
དམ་ཚིག་དངོས་དང་ཡེ་གནས་ཐིག་ལེ་ཡིས་ཁྱབ་ཚུལ།།
གཟུང་འཛིན་ཕྱོགས་བཅས་ཕྱོགས་མེད་ཡེ་སྲུང་གི་དམ་ཚིག
དམ་ཚིག་ཐིག་ལེ་གཟུང་འཛིན་ཕྱོགས་བྲལ་གྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

འབུམ་སྡེ་ས་མ་ཡ་ནི་དམ་ཚིག་གི་སྤྲོས་བཤད།།
མདོར་དྲིལ་བརྒྱ་དང་རྩ་བརྒྱད་དམ་ཚིག་གི་སྙིང་དོན།།
གཟུང་འཛིན་ཕྱོགས་བཅས་ཕྱོགས་མེད་དམ་ཚིག་གི་རྣམ་དབྱེ།།
རྣམ་པར་དག་པའི་གསང་ཆེན་ཕོ་བྲང་དེ་བཏབ་ནས།།
ཡུམ་ཆེན་སྨིན་ལམ་མ་ལྔའི་གསེར་ཞལ་དེ་མཇལ་ལོ།།

དངོས་པོ་རང་ལུས་ཉག་གཅིག་ཡེ་ཤེས་ཀྱིས་ཁྱབ་ཚུལ།།
རང་དབང་དལ་འབྱོར་སྔགས་ལམ་མངོན་སུམ་དུ་བྱུང་བ།།
དྲུག་ལྡན་ཁམས་ལས་མཆོག་འབྲས་སངས་རྒྱས་ཀྱི་བྱུང་ཚུལ།།
དངོས་པོའི་ཐིག་ལེ་རང་དབང་མངོན་འགྱུར་གྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཤ་ཁྲག་རུས་གསུམ་བདག་ཉིད་དལ་འབྱོར་གྱི་ལུས་རྟེན།།
རྟེན་མཆོག་བླ་མེད་རྩ་ཐིག་རླུང་ཡིག་གི་ཕོ་བྲང་།།
རང་ལུས་རྒྱལ་བའི་དཀྱིལ་འཁོར་སངས་རྒྱས་ཀྱི་རང་བཞིན།།
གསང་ཆེན་རབ་འབྱམས་ཕོ་བྲང་རང་ལུས་ལ་བཏབ་ནས།།
ཡུམ་ཆེན་སྨིན་ལམ་མ་ལྔའི་གསེར་ཞལ་དེ་མཇལ་ལོ།།

སྤར་བཟུང་འདུལ་གསུམ་དགུ་ཡི་ཉམས་ལེན་གྱི་ཞུན་ཐར།།
སེམས་བཏུལ་ཡེ་ཤེས་དབབ་པའི་ག་དར་རྣམས་གྲུབ་རྗེས།།
སེམས་འཚོལ་ངང་སྒོམ་མཚན་བཅས་མཚན་མེད་ཀྱི་སྒོམ་རིམ།།
རང་བཞིན་ཐིག་ལེ་གྲོལ་ལམ་སེམས་འཛིན་གྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཡེ་ཤེས་གསུམ་དང་མཚན་མའི་རྫས་དགུ་ལ་བརྟེན་ནས།།
སེམས་བཏུལ་ཡེ་ཤེས་དབབ་ཏེ་སེམས་འཚོལ་ཀྱི་མྱོང་བ།།
རང་རྒྱུད་ཤར་ནས་ངང་བཞག་ཡེངས་མེད་ཀྱི་སྐྱོང་ཐབས།།
མ་བཅོས་ཡེངས་མེད་སྒོམ་པའི་ཕོ་བྲང་དེ་བཏབ་ནས།།
གྲོལ་ལམ་མཁའ་འགྲོ་མ་ལྔའི་གསེར་ཞལ་དེ་མཇལ་ལོ།།

ཐུགས་དགོངས་ཐིག་ལེ་གཅིག་ལ་དཔེ་བརྒྱད་ཀྱི་ངོ་སྤྲོད།།
རྟེན་འབྲེལ་ལ་བརྟེན་རང་འབྱུང་དྲི་མེད་ཀྱི་ངོས་བཟུང་།།
མི་ནོར་ཆིངས་དང་གསལ་བ་དགོངས་པ་ཡི་བོགས་འདོན།།
བདེན་པའི་ཐིག་ལེ་མི་ནོར་ཀུན་བཟང་གི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

བདེན་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས།།
བརྡ་ཐབས་རྟེན་འབྲེལ་ལ་བརྟེན་རང་རིག་གི་ལྷ་ཞལ།།
མཇལ་ནས་མི་ནོར་ཆིངས་དང་ཉམས་ལེན་གྱི་རང་རྩལ།།
བོགས་འདོན་རིམ་ལྔའི་གསང་ཆེན་ཕོ་བྲང་དེ་བཏབ་ནས།།
གྲོལ་ལམ་མཁའ་འགྲོ་མ་ལྔའི་གསེར་ཞལ་དེ་མཇལ་ལོ།།

སྐུ་གསུམ་ལྷུན་རྫོགས་རྒྱུན་ཆགས་ཡེ་གནས་ཀྱི་ངོ་བོ།།
ལག་ལེན་དམར་ཁྲིད་བོན་རྫོགས་སྤྲུལ་གསུམ་གྱི་ཁྲིད་ཆེན།།
གསུམ་ལ་བརྟེན་ནས་བདེ་སྟོང་གསལ་གསུམ་གྱི་སྐུ་གསུམ།།
རྒྱུན་གྱི་ཐིག་ལེ་ཡེ་ཤེས་འགག་མེད་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

མཉམ་རྗེས་སྐྱོང་གསུམ་བོན་སྐུ་རྩལ་སྦྱོང་གི་ཁྲིད་དང་།།
ཐུག་འཕྲད་གྲོལ་གསུམ་ཡེ་ཤེས་རྫོགས་སྐུ་ཡི་ཁྲིད་དང་།།
སྣང་སྟོང་མྱོང་གསུམ་གསལ་བ་སྤྲུལ་སྐུ་ཡི་ཁྲིད་བཅས།།
ཐུན་མཚམས་གསུམ་གྱི་གསང་ཆེན་ཕོ་བྲང་དེ་བཏབ་ནས།།
གྲོལ་ལམ་མཁའ་འགྲོ་མ་ལྔའི་གསེར་ཞལ་དེ་མཇལ་ལོ།།

འབྲས་བུ་ཐོབ་དང་རང་འབྱུང་ཉག་གཅིག་གི་ངོས་བཟུང་།།
མ་རྟོགས་སྐྱོན་རྣམས་བསལ་ནས་རང་རིག་གི་འཆར་ཚུལ།།
འགྱུར་མེད་ལྔ་ལྡན་སངས་རྒྱས་ལག་འཆང་དུ་ཐོབ་ཚུལ།།
འབྲས་བུའི་ཐིག་ལེ་མཆོག་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

འགྱུར་མེད་ལྔ་ལྡན་ཉག་གཅིག་གསལ་སྟོང་གི་རྩལ་ལས།།
གང་ལ་གང་འདུལ་རྩལ་ཤར་རིག་པ་ཡི་རང་མདངས།།
རབ་འབྱམས་མུ་མེད་རྒྱ་མཚོའི་དཀྱིལ་འཁོར་གྱི་བཀོད་པ།།
འགྱུར་མེད་རང་འབྱུང་རིག་པའི་ཕོ་བྲང་དེ་བཏབ་ནས།།
གསང་མཆོག་ཡབ་ཡུམ་གཉིས་ཀྱི་གསེར་ཞལ་དེ་མཇལ་ལོ།།

ཡབ་ཡུམ་གསང་མཆོག་རིགས་བཞི་ཚད་མེད་ཀྱི་ཡུམ་བཞི།།
ཐབས་དང་ཤེས་རབ་རོལ་པའི་ཐུགས་རྗེ་ཡི་རྩལ་ལས།།
ཚད་མེད་ཡུམ་ཆེན་སོ་གཉིས་འགྲོ་དོན་དུ་བཞེངས་པ།།
ཡབ་ཡུམ་ཐིག་ལེ་དོན་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

གཡུང་དྲུང་འཁོར་ལོ་པད་མ་རིན་ཆེན་གྱི་མཁའ་འགྲོ།།
སྙིང་རྗེ་བྱམས་དགའ་བཏང་སྙོམས་རེ་རེ་ལ་ཚད་མེད།།
མ་བརྒྱད་གནས་པའི་ཡུམ་ཆེན་སོ་གཉིས་ཀྱི་མཁའ་འགྲོ།།
ཚད་མེད་རྣམ་བཞིའི་གསང་ཆེན་ཕོ་བྲང་དེ་བཏབ་ནས།།
ཚད་མེད་ཡུམ་ཆེན་སོ་གཉིས་གསེར་ཞལ་དེ་མཇལ་ལོ།།

སྙོམས་པའི་ཡུམ་ལྔ་ཐུགས་རྗེ་ཟད་མེད་དུ་བསྟན་པ།།
མཉམ་ཉིད་ཡེ་ཤེས་ངོ་སྤྲོད་རང་གྲོལ་གྱི་ཡེ་སྟོང་།།
སྙོམས་པའི་ཡུམ་ཆེན་ལྔ་ཡིས་འགྲོ་དོན་དེ་བྱེད་ཚུལ།།
གཉིས་མེད་ཐིག་ལེ་དོན་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

རིགས་བཞི་ཁྲོ་མོ་ཐུགས་རྗེ་གཉིས་མེད་ཀྱི་རྩལ་ལས།།
ཟད་མེད་ས་གཞི་འདྲ་བའི་ཡུམ་ཆེན་གྱི་ལྷ་མོ།།
སྙོམས་པའི་ཡུམ་ཆེན་ལྔ་ཡིས་ཟད་མེད་ཀྱི་འགྲོ་དོན།།
བདག་མེད་མཉམ་པ་ཉིད་ཀྱི་ཕོ་བྲང་དེ་བཏབ་ནས།།
སྙོམས་པའི་ཡུམ་ཆེན་ལྔ་ཡི་གསེར་ཞལ་དེ་མཇལ་ལོ།།

མཁའ་ཡི་ཡུམ་ལྔ་ཐུགས་རྗེ་དཔག་མེད་ཀྱི་ཡུམ་ཆེན།།
སྟོང་ཉིད་ཡེ་ཤེས་ངོ་སྤྲོད་མཁའ་ཡངས་ངང་གྲོལ་ཚུལ།།
ནམ་མཁའ་འདྲ་བའི་ཡུམ་ཆེན་རྣམ་ལྔ་ཡིས་འགྲོ་དོན།།
དཔེ་ཡི་ཐིག་ལེ་དོན་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

སྟོང་ཉིད་ཡེ་ཤེས་ནམ་མཁའི་ངོགས་བཞིན་དུ་སྟོང་ནས།།
མ་རྟོགས་སེམས་ཅན་མཁའ་ཡངས་ཀུན་སྤྱོད་ངང་གྲོལ་ནས།།
དཔག་མེད་ནམ་མཁའ་འདྲ་བའི་ཡུམ་ཆེན་གྱིས་འགྲོ་དོན།།
དཔག་མེད་རྒྱ་ཆེ་མཁའ་ཡངས་ཕོ་བྲང་དེ་བཏབ་ནས།།
མཁའ་ཡི་ཡུམ་ཆེན་ལྔ་ཡི་གསེར་ཞལ་དེ་མཇལ་ལོ།།

དབྱིངས་ཉིད་སྤྲོས་བྲལ་དྲི་མེད་རྗེན་པ་ཡི་དོན་འདི།།
དམིགས་མེད་ཀུན་སྙོམས་རང་གསལ་ཉི་མ་དང་འདྲ་བས།།
མ་རིག་དབྱིངས་གྲོལ་དབྱིངས་ཀྱི་ཡུམ་ཆེན་ལྔས་འགྲོ་དོན།།
དོན་གྱི་ཐིག་ལེ་དོན་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

དབྱིངས་ཉིད་སྤྲོས་བྲལ་དྲི་མེད་རྗེན་པ་རུ་བཞག་ནས།།
དམིགས་མེད་རང་གསལ་ཀུན་སྙོམས་ཉི་མ་དང་འདྲ་བ།།
མ་རིག་སེམས་ཅན་ཀུན་སྙོམས་དབྱིངས་ཆེན་ངང་གྲོལ་ཏེ།།
གཟུང་འཛིན་བྲལ་བའི་དབྱིངས་ཀྱི་ཕོ་བྲང་དེ་བཏབ་ནས།།
དབྱིངས་ཀྱི་ཡུམ་ཆེན་ལྔ་ཡི་གསེར་ཞལ་དེ་མཇལ་ལོ།།

རྟགས་ཀྱི་ཀློང་དོན་ཐུགས་རྗེ་རྒྱུན་མེད་ཀྱི་ཆུ་བོ།།
གཉུག་མ་རྒྱུན་མེད་ཡེ་ཤེས་རྒྱུན་མེད་ཀྱི་ཆུ་བོ།།
སེམས་ཉིད་ཀློང་ལས་རྒྱུན་མེད་ཀློང་ཡུམ་གྱི་ཆུ་བོ།།
རྟགས་ཀྱི་ཐིག་ལེ་དོན་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

སེམས་ཉིད་ཀློང་ནས་རོལ་པ་འགག་མེད་ཀྱི་ཆུ་བོ།།
རྒྱུན་ཆད་མེད་པ་ཐུགས་རྗེ་རྒྱུན་མེད་ཀྱི་ཆུ་བོ།།
གཉུག་མར་གནས་པ་རང་རིག་རྒྱུན་མེད་ཀྱི་ཆུ་བོ།།
ཀློང་ཡང་ཟང་ཐལ་ནམ་མཁའི་ཕོ་བྲང་དེ་བཏབ་ནས།།
ཀློང་གི་ཡུམ་ཆེན་ལྔ་ཡི་གསེར་ཞལ་དེ་མཇལ་ལོ།།

རིག་པ་ངོ་སྤྲོད་ཐིག་ལེ་ཉག་གཅིག་ལ་བཞག་ནས།།
གསལ་བ་ཡུལ་སྣང་རང་བཞིན་མེད་པ་རུ་རྩལ་སྦྱོང་།།
རང་བཞིན་ཡུལ་མེད་མཚོན་བྲལ་དྲོད་ཚད་དང་འབྲས་བུ།།
རིག་པའི་ཐིག་ལེ་ཐུན་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

རིག་པ་རྟོག་མེད་མ་བཅོས་ལྷུག་པ་རུ་བཞག་ནས།།
ཐུན་སྒོམ་གསལ་གདབ་ནན་སྒོམ་ཡང་ཡང་དུ་བྱས་པས།།
ཞེ་སྡང་གཏན་ཞི་མཐར་ཐུག་སྤྲུལ་སྐུ་ཡི་ས་ནོན།།
གསལ་ལ་རང་བཞིན་མེད་པའི་ཕོ་བྲང་དེ་བཏབ་ནས།།
གསང་མཆོག་རིག་པ་ཁུ་བྱུག་གསེར་ཞལ་དེ་མཇལ་ལོ།།

གསང་བ་ཀློང་ཆེན་བདེ་ཆེན་བོན་ཉིད་ཀྱི་རང་མདངས།།
ཡུལ་སྣང་སྤྲོས་མེད་རྟོག་མེད་སྤྲོས་བྲལ་དུ་ལུང་མནན།།
དྲོད་ཚད་འབྲས་བུ་རྫོགས་སྐུའི་ས་ནོན་དུ་གྱུར་པ།།
ཡེ་ཉིད་ཐིག་ལེ་ངང་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ངང་སྒོམ་གཉུག་མའི་ཡེ་ཤེས་ངང་ཐག་དེ་བསྲིངས་པས།།
འདོད་བྱ་བརྒྱད་དང་གཏི་མུག་མུན་པ་ཡི་ཚོགས་ཀུན།།
གཏན་སངས་གྱུར་ཏེ་འོད་གསལ་རྫོགས་སྐུ་ཡི་ས་ནོན།།
ཉིན་མཚན་དབྱེར་མེད་འོད་གསལ་ཕོ་བྲང་དེ་བཏབ་ནས།།
གསང་མཆོག་གསང་བའི་རྒྱལ་པོའི་གསེར་ཞལ་དེ་མཇལ་ལོ།།

བསམ་གཏན་རང་འབྱུང་བདེ་ཆེན་མ་བཅོས་པའི་སྒོམ་པ།།
གང་ཤར་བདེ་སྟོང་འགག་མེད་བོན་སྐུ་ཡི་རོལ་པ།།
ངང་ལས་མི་འདའ་དྲོད་ཚད་འབྲས་བུ་ཡི་མཐའ་བསྡུ།།
བསམ་གཏན་ཐིག་ལེ་ཀློང་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

ཅིར་སྣང་ཐམས་ཅད་རང་འབྱུང་རང་རིག་གི་ངོ་བོ།།
དུ་མ་རོ་གཅིག་བུ་རམ་གོར་མོ་ཡི་ངང་ཚུལ།།
ཕྲག་དོག་གཏན་ཟད་རེ་དྭོགས་མཚན་མ་ཀུན་རང་སངས།།
བོན་སྐུའི་ས་ནོན་ཀུན་བཟང་ཕོ་བྲང་དེ་བཏབ་ནས།།
གསང་མཆོག་གསང་བའི་ཡེ་ཤེས་གསེར་ཞལ་དེ་མཇལ་ལོ།།

སེམས་ཉིད་ལྟ་མེད་ཐིག་ལེ་སྒོམ་མེད་དུ་ལུང་གནོན།།
ཅིར་ཡང་སྤྱོད་མེད་དམ་ཚིག་སྲུང་མེད་དུ་ལ་བཟླ།།
དྲོད་ཚད་འབྲས་བུ་ཉག་གཅིག་བདེ་ཆེན་གྱི་སྐུ་ཐོབ།།
སེམས་ཉིད་ཐིག་ལེ་མེད་འབྲས་དབྱིངས་གྲུབ་ཀྱི་མཆོད་པ།།
སུམ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ལོ།།

གཞི་མེད་རྩ་བྲལ་སྒོམ་མེད་རང་གསལ་གྱི་ངང་ནས།།
སྤྱོད་མེད་རང་ཤར་སྲུང་མེད་ཡེ་སྲུང་གི་དམ་ཚིག
ཐོབ་མེད་རང་ཤར་རེ་དྭོགས་གཉིས་མེད་ཀྱི་འབྲས་བུ།།
ཅིར་ཡང་མ་བཅོས་རིག་པའི་ཕོ་བྲང་དེ་བཏབ་ནས།།
གསང་མཆོག་གསང་བའི་གཡུང་དྲུང་གསེར་ཞལ་དེ་མཇལ་ལོ།།

རྒྱུད་གསུམ་བསྟན་པའི་སྙིང་པོ་གསང་མཆོག་གི་མདོ་དོན།།
གསང་ཆེན་ཡེ་ཤེས་རོལ་པའི་གད་རྒྱངས་ཀྱི་མཆོད་པ།།
རྒྱུད་གསུམ་བསྟན་པའི་བདག་པོ་དཔོན་གསས་ལ་ཕུལ་བས།།
ཉེར་གཅིག་རྩ་་མདུད་ཚོགས་རྣམས་རིམ་ཅན་དུ་གྲོལ་ཏེ།།
རྣམ་གྲོལ་ཟབ་མོའི་ཉམས་རྟོགས་རང་འབར་དུ་གྱུར་ཅིག།

རྟེན་འབྲེལ་མཚོན་ཕྱིར་གསང་མཆོག་གཞི་འབྲས་ལྷ་འཛབ་འབྲུ་བཅུ་གཅིག་པའི་གྲངས་ཚད་དང་བསྟུན་ནས་ཚིག་རྐང་རེ་རེ་ལ་ཡི་གེ་འབྲུ་བཅུ་གཅིག་གི་གྲངས་སུ་བཅད་ནས་ཚིག་གི་རྐང་པ་ལྔ་ཅན་དུ་བྱས་པའི་དཔལ་ལྡན་རྩ་བའི་བླ་མ་ལ་ཕུལ་བའི་ཐིག་ལེ་ཞེ་ལྔའི་མཆོད་འབུལ་གསང་ཆེན་ཡེ་ཤེས་རོལ་པའི་གད་རྒྱངས་ཞེས་པ་འདི་ཉིད།། རང་གི་བཀའ་དྲིན་སུམ་ལྡན་གྱི་དཔོན་གསས་བླ་མ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་རྒྱལ་བ་སྨན་རི་བ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་བསྟན་པའི་ཉི་མའི་བུ་ཉི་མ་དོན་འགྲུབ་ཏུ་འབོད་པའི་དཔེ་ཀློག་པ་དེས་ས་འཛིན་སྨན་གྱི་རི་བོ་ནས་ཕུལ།།