གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་གཞིས་རྡོ་ལན་ཇིའི་གཞིས་དགོན་གཉིས་ཀྱི་ལོ་༡༨ཡན་གྱི་མི་མང་ཡོངས་ལ་ཏོག་དབྱིབས་རིམས་ནད་༡༩པའི་འགོག་ཁབ་སྔ་ཕྱི་གཉིས་ཀ་བསྐྱོན་ཚར་བ།

དེ་རིང་སྟེ་ཕྱི་ལོ་༢༠༢༡ཟླ་༩ཚེས་༡༣ཉིན་གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཏུ། ཏོག་དབྱིབས་རིམས་ནད་༡༩བའི་འགོག་ཁབ་གཉིས་པ་གཞིས་དགོན་གཉིས་ཀྱི་མི་མང་ཚང་མར་བསྐྱོན་ཚར་ཡོད་པ་རེད།

དེ་ཡང་Sirmaurརྫོང་ཁོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་ལོ་༡༨-༤༥བར་རིན་མེད་འགོག་ཁབ་བསྐྱོན་སའི་ས་ཚིགས་བཅུ་བདུན་གཏན་འཁེལ་བྱས་ཡོད་ཅིང་།
སྨན་རིའི་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་གཙོས་པའི་ཛ་དྲག་ཚོགས་ཆུང་གིས་ས་གནས་རྫོང་ལ་སྙན་ཞུ་རིམ་པར་ཕུལ་ནས།

ས་གནས་གཞུང་གིས་ཀྱང་གཞིས་དགོན་གཉིས་ཀྱི་མི་མང་གི་སྐུ་གཟུགས་འཕྲོད་བསྟེན་ཐུགས་འཇགས་ཀྱིས་བོན་གཞིས་རྡོ་ལན་ཇི་ས་གནས་བཅུ་བདུན་གྱི་ནང་དུ་བཙུད་ཡོད་ཅིང་། དེ་ཡང་འགོག་ཁབ་དང་པོ་ཕྱི་ལོ་༢༠༢༡ལོའི་ཟླ་༥ཚེས་༢༤-༣༡ཟླ་༦ཚེས་༡༦-༢༡བཅས་སུ་གཞིས་དགོན་གཉིས་ཀྱི་ལོ་༡༨ཡན་གྱི་མི་མང་ཚང་མར་བསྐྱོན་ཐུབ་ཡོད་ཅིང་།

འགོག་ཁབ་ཐེངས་གཉིས་པ་ཕྱི་ལོ་༢༠༢༡ལོའི་ཟླ་༧ཚེས༡ཉིན་འགོག་ཁབ་བསྐྱོན་ཐེངས་དང་པོ་དང་། ཕྱི་ལོ་༢༠༢༡ལོའི་ཟླ་༨ཚེས་ ༢༣ཉིན་བསྐྱོན་ཐེངས་གཉིས་པ་གྲུབ། དེ་རིང་སྟེ་༢༠༢༡ལོའི་ཟླ་༩ཚེས་ ༡༣ཉིན་འགོག་ཁབ་བསྐྱོན་ཐེངས་གསུམ་པ་བཞེས་ཐུབ་པས། བོན་གཞིས་རྡོ་ལན་ཇིའི་གཞིས་དགོན་གཉིས་ཀྱི་ལོ་༡༨ཡན་གྱི་མི་མང་ཚང་མར་འགོག་ཁབ་སྔ་ཕྱི་གཉིས་ཀ་གཙང་བསྐྱོན་ཐུབ་ཡོད་པ་རེད།

ས་གནས་བོན་གཞིས་རྡོ་ལན་ཇིའི་གཉན་རིམས་ཀོ་ཝིཊ༡༩ དང་འབྲེལ་བའི་ལས་བསྡོམ་ཁག་ཕྱོགས་བསྡུས།

ཕྱི་ལོ་༢༠༢༠ ཟླ་༣ པའི་ཚེས་༢༢ ནས་འཛམ་གླིང་སྤྱི་དང་ཁྱད་པར་དུ་རང་རེའི་གནས་ཚང་རྒྱལ་ཁབ་ཀྱི་ནང་ཏོག་དབྱིབས་རིམས་ནད་ཛ་དྲག་ངང་ཁྱབ་བདལ་དུ་འགྲོ་བཞིན་པའི་གནས་བབ་དང་བསྟུན། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཡང་དག་པའི་དབུ་འཁྲིད་འོག་གཞིས་དགོན་གཉིས་ཞི་བདེ་ལྷིང་འཇགས་ཀྱི་ཆེད་དུ་དམིགས་ནས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ལས་ཀྱི་སྣེ་མོ་བ་གཙོས་འབུམ་བཞིའི་མཐོ་སློབ་ཀྱི་འགན་འཛིན་དང་སློབ་ཐོན་སྨན་པ་བཅས་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་བཀོད་བཞག་གནང་བ་དང་ཚོགས་ཆུང་གིས་ཆེད་དུ་སྟངས་འཛིན་བགྱི་དགོས་པའི་བཀའ་སློབ་ལམ་སྟོན་དུས་སུ་ཕེབས།

ཐེམ་སྤང་བཀའ་རྒྱ་དང་བསྟུན་སྔོན་འགོག་བྱེད་ཕྱོགས།

མི་མང་གི་བདེ་ཐང་ལ་དམིགས་ནས་རང་གཞན་ཚང་མས་ཁ་རས་ངེས་པར་དུ་བསྣམས་དགོས་པ་དང་། དེ་བཞིན་སྤྱི་ཚོགས་རྒྱང་བཀྱེད་ལ་གཟབ་ནན། རང་རེའི་ཁོར་ཡུག་ཕྱི་ནང་གཉིས་ཀའི་འགྲུལ་བཞུད་བཀག་བསྡོམ། ཏོག་དབྱིབས་རིམས་ནད་ཀྱི་སྒྲིག་གཞི་ལ་དམ་འཛིན་བྱེད་འགོ་བརྩམས།

༧གདན་སའི་བླ་སྤྲུལ་དགེ་བཤེས་གཙོས་དགེ་འདུན་པ་རྣམས་དང་བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་བརྒྱ་ལྷག དེ་བཞིན་སྨན་རིའི་གཞི་རིམ་སློབ་མ་དང་བོན་ཕྲུག་བདེ་དོན་གྱི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ལྔ་བརྒྱ་མ་ཟིན་ཙམ་ལ་བདུན་ཕྲག་གཅིག་ལ་ཁྲག་ཤེད་དང་ཚ་བ་བརྟག་དཔྱད་ ( Thermal screening ) སྲོག་འཛིན་འཚོ་རླུང་( Oxygen )བརྟག་དཔྱད་ཐེངས་རེ་དང་། གཞན་ཡང་མང་ཚོགས་ཀྱི་སྐུ་གཟུགས་དང་འཕྲོད་བསྟེན་གོང་འཕེལ་གཏོང་ཆེད་མང་ཚོགས་ལ Vitamin,Zinc   ཟས་བཅུད་སྨན་སྣ་བགོ་འགྲེམ་སོགས་ཞུས་ཡོད། ལྷག་པར་རང་རེའི་སྲོལ་རྒྱུན་བོད་སྨན་གྱི་ཐོག་ནས་གཉན་རིམས་འདིའི་བཅོས་ཐབས་དང་སྔོན་འགོག་གི་ཆེད། མང་ཚོགས་ལ་ནོར་བུ་བདུན་ཐང་དང་འཕྲུལ་ཐང་སོགས་བགོ་འགྲེམ་དང་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་གཟབ་ནན་དགོས་པའི་ལམ་སྟོན་འབོད་སྐུལ་གང་མང་ཞུས། དེབཞིན་གསོ་རིག་འབུམ་བཞིའི་ནད་པའི་ངལ་གསོ་ཁང་ལ་མི་གྲངས་ལྔ་བཅུ་ཙམ་ལ་ཟུར་བཀག་གི་མཐུན་རྐྱེན་དང་སྨན་ཁང་དུ་གཉན་རིམ་ཀོ་ཝིཊ༡༩ ནད་སྲུང་གྱོན་ཆས་ (PPE kits) ཁ་རས། ལག་ཤུབས། དུག་སེལ་སྨན་ཆུ་འགོག་སྨན། འཚོ་རླུང་། oxygen, oxygen concentrator,  སོགས་ཀྱི་གྲ་སྒྲིག་ཞུས་ཡོད།

ཛ་དྲག་མཐུན་འགྱུར།

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་ཛ་དྲག་གི་དུས་སྐབས་འདིར་རང་རེའི་ཁྱིམ་མཚེས་རྒྱ་གར་ཡུལ་མི་དབུལ་པོ་རྣམས་ལ་བཟའ་བཅའི་རིགས་སྔ་ཕྱི་ཐེངས་གསུམ་ཙམ་མཐུན་འགྱུར་བཀའ་དྲིན་བསྩལ་བ་དང་། དེ་བཞིན་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་ཏོག་དབྱིབས་ངལ་སེལ་དགེ་རྩ་ཚོགས་པར་ཧིན་སྒོར་འབུམ་ལྔ་ཐམ་པ་ཞལ་འདེབས་སུ་ཕུལ་བ་དང་། ས་གནས་རྫོང་གི་ཉེན་རྟོག་ལས་ཁུངས་ལ་ཧིན་སྒོར་བདུན་ཁྲི་ཐམ་པ་བཅས་ཕུལ། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དགེ་རྒན་དང་གྲྭ་བཙུན་སློབ་མ་རྣམས་ལ་དགོས་མཁོའི་བཟའ་བཅའི་རིགས་ཀྱི་མཐུན་འགྱུར་རོགས་མགོན་བསྩལ།

ཀོ་ཝིཊ་བཅུ་དགུའི་ RT-PCR བརྟག་དཔྱད།

ས་གནས་རྫོང་དཔོན་གཞོན་པ་སྐུ་ཞབས་སུ་ཤན་ཏི་གུབ་ཏཱ་ Sushant Gupta SDM དང་ས་གནས་རྫོང་གི་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གཞོན་པ་སན་དྷིབ་ Dr,Sandeep Singh BMO རྣམ་གཉིས་ལ་ཇི་ལྟར་རེ་སྐུལ་ཞུས་པ་ལྟར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་དུ་ས་གནས་སེར་སྐྱ་མི་མང་ཡོངས་ལ་RT-PCR བརྟག་དཔྱད་རིམ་པ་ཐེངས་མང་བྱེད་ཐུབ་པ་བྱུང་།

འགོག་ཁབ་དང་འབྲེལ་བའི་ལས་རིམ།

ཕྱི་ལོ་༢༠༢༡ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་གར་དབུས་གཞུང་གི་ལོ་ན་༡༨ ཡན་ལ་སྔོན་འགོག་སྨན་ཁབ་བསྐྱོན་རྒྱུའི་ལམ་སྟོན་བཀའ་བཞེས་བཟང་པོ་ཐོབ་པ་དང་བསྟུན། སྨན་རིའི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ནས་གཞིས་དགོན་སེར་སྐྱ་མང་ཚོགས་ཀྱི་སྐུ་གཟུགས་འཕྲོད་བསྟེན་བདེ་འཇགས་གཙོ་བོར་བཟུང་ནས། བསྐྱར་དུ་ས་གནས་རྫོང་དཔོན་གཞོན་པ་སྐུ་ཞབས་སུ་ཤན་ཏི་གུབ་ཏཱ་ Sushant Gupta SDM དང་ས་གནས་རྫོང་གི་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་གཞོན་པ་སན་དྷིབ་ Dr,Sandeep Singh BMO Dr, Monika  བཅས་ལ་ཇི་ལྟར་རེ་སྐུལ་ཞུས་པ་བཞིན་འདི་ག་གསོ་རིག་འབུམ་བཞིའི་མཐོ་སློབ་Sirmaurརྫོང་གི་ཏོག་དབྱིབས་འགོག་ཁབ་བསྐྱོན་སའི་ས་གནས་བཅུ་བདུན་གྱི་ནང་དུ་ཚུད་ཅིང་། བདུན་ཕྲག་རེ་སྔོན་འགོག་ཁབ་ཐེངས་གཉིས་སྔོན་མངགས་ཐུབ་པའི་གོ་སྐབས་འཐུས་ཤོར་དུ་མ་བཏངས་པར་མངགས་སྒྲུབ་ཐུབ་ཡོད། དེ་ཡང་ཕྱི་ཟླ་ ༥ ཚེས་ ༢༤ དང་ ༣༡ ཕྱི་ཟླ་༦ ཚེས་༡༦ -༢༡སྔ་ཕྱི་རིམ་པ་ཐེངས་གསུམ་རིང་དགེ་འདུན་པ་དང་གཞིས་ཆགས་དེ་བཞིན་རང་རེའི་བོད་རིགས་༣༠༠ལྷག་ཙམ་ལ་འགོག་ཁབ་དང་པོ་རིན་མེད་ཀྱིས་བསྐྱོན་ཐུབ་པ་བྱུང་ཡོད།

འགོག་ཁབ་ཐེངས་གཉིས་པ་ཕྱི་ལོ་༢༠༢༡ལོའི་ཟླ་༧ཚེས༡ཉིན་འགོག་ཁབ་བསྐྱོན་ཐེངས་དང་པོ་དང་། ཕྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༢༣ཉིན་བསྐྱོན་ཐེངས་གཉིས་པ་གྲུབ། དེ་རིང་སྟེ་༢༠༢༡ལོའི་ཟླ་༩ཚེས་༡༣ཉིན་འགོག་ཁབ་བསྐྱོན་ཐེངས་གསུམ་པ་བཞེས་བསྐྱོན་ཐུབ་པས། བོན་གཞིས་རྡོ་ལན་ཇིའི་གཞིས་དགོན་གཉིས་ཀྱི་ལོ་༡༨-༤༥བར་གྱི་འགོག་ཁབ་སྔ་ཕྱི་གཉིས་ཀ་གཙང་བསྐྱོན་ཐུབ་ཡོད།

ད་ལྟའི་ཆར་ས་གནས་བོན་གཞིས་རྡོ་ལན་ཇིའི་ནང་གཉན་རིམས་ཀོ་ཝིཊ༡༩ ནད་མནར་སོགས་གང་ཡང་མེད་པར་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་པ་བཅས་ཀྱི་གནས་བསྡུས་སུ་སྨན་རིའི་ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༡ ཟླ་༩ ཚེས་ ༡༣ ཉིན་སྤེལ་བའོ།