གཡུང་དྲུང་བོན་གྱི་དྲྭ་རྒྱ།

སཾ་བྷོ་ཊ་བོན་གཞིས་ཉིན་སློབ་ཀྱི་སློབ་དགེ་དག་སྨན་རིའི་གླིང་དུ་རིག་གཞུང་བལྟ་སྐོར་དུ་ཕེབས་པ།

དེ་རིང་སྟེ་ཕྱི་ལོ་2021ལོའི་ཟླ་9ཚེས་4ཉིན་ས་གནས་བོན་གཞིས་སུ་གནས་ཆགས་པའི་བོན་གཞིས་ཉིན་སློབ་བམ་སཾ་བྷོ་ཊ་བོན་གཞིས་ཉིན་སློབ་ཀྱི་སློབ་དགེ་དག་སྨན་རིའི་གླིང་དུ་རིག་གཞུང་བལྟ་སྐོར་རམ་མཇལ་སྐོར་དུ་ཕེབས་ཡོད་པ་དང་།

དེ་ཡང་ཞོགས་པའི་ཕྱག་ཚོད་༩།༠༠སྟེང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་ས་གནས་ཉིན་སློབ་ཀྱི་སློབ་སྤྱི་གཙོས། སློབ་དགེ་དག་གིས་བཀའ་སློབ་རེ་ཞུ་ཕུལ་དོན་ལྟར། རིན་པོ་ཆེ་མཆོག་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཕེབས་ནས་བཀའ་སློབ་བསྩལ་ཡོད་པ་དང་། དེ་ཡང་ཐོག་མར་སཾ་བྷོ་ཊ་བོན་གཞིས་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ནས་ཐེངས་འདིའི་རིག་གཞུང་བལྟ་སྐོར་གྱི་དགོས་པ་དང་འབྲེལ་ངོ་སྤྲོད་གྲུབ་མཚམས།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་༼མི་ཚེ་ལ་ཕན་པའི་ཉིན་རེའི་ཉམས་ལེན་དང་དགེ་རྒན་སྤྱིའི་ལས་འགན།༽ཞེས་པའི་བརྗོད་གཞི་དང་འབྲེལ་བཀའ་སློབ་བསྩལ་དོན། ང་ཚོ་ཉིན་རེའི་ནང་ལས་ག་རེ་བྱས་ཀྱང་ཀུན་སློང་བཟང་པོ་ཞིག་གི་སྒོ་ནས་བྱེད་དགོས་པ་གལ་ཆེན་ཡིན་ལ། བྱམས་པ་དང་བཟོད་པ། གུ་ཡངས་སྒོ་ནས་ལས་བྱས་ཚེ་ད་གཟོད་སེམས་ཞི་བདེ་དང་། ལུས་ལ་ན་ཚ་མི་འབྱུང་བའི་ཕན་པ་ཡོད་པ་མ་ཟད། དགོང་མོ་གཟིམ་ཁར་ཞེ་སྡང་དང་བསམ་པ་ངན་པ་དབང་གིས་གཟིམ་པ་ཡིན་ན། གཉིད་མི་ཁུག་པ་དང་གཉིད་ཁུག་ཀྱང་རྨི་ལམ་འདྲ་མིན་གྱིས་ལུས་སེམས་མི་བདེ་བ་བཟོ་བཞིན་ཡོད་པས། གཞན་ཕན་གྱི་ཀུན་སློང་བཟང་པོ་ཞིག་དགོས་པ་གལ་ཆེན་པོ་ཡིན། དེང་ཕྱི་དངོས་པོའི་བསླུ་བྲིད་ཤུགས་ཆེན་པོ་ཡིན་པའི་ཆ་ནས། ནང་སེམས་ལ་བརྟན་ཆ་ཞིག་མེད་ཚེ་ལམ་ལོག་ཏུ་འགྲོ་བའི་ཉེན་ཁ་དང་། དེ་ལ་ཆོག་ཤེས་ཀྱི་གཉེན་པོ་བསྟེན་དགོས་པ་གལ་ཆེན་པོ་ཡིན་ལུགས་དང་།  དགེ་རྒན་གྱི་ཕྱག་ལས་འདི་རླབས་ཆེན་གྱི་ཕྱག་ལས་ཤིག་ཡིན་ཕྱིན་སློབ་མ་དག་གི་ངོས་ནས་ཀྱང་དགེ་རྒན་ལ་བརྩི་བཀུར་བྱེད་དགོས་པ་གལ་ཆེན་ཡིན་སྐོར་ནས་གསུང་བཤད་གྲུབ་མཚམས།

སློབ་སྤྱི་གཙོས་སློབ་དགེ་རེ་མོས་ཀྱིས་བཀའ་འདྲི་དག་༧དཔོན་སློབ་རིན་པོ་ཆེ་མཆོག་གིས་བཀའ་ལན་བསྩལ་ནས་མཇུག་གྲུབ་མཚམས། སཾ་བྷོ་ཊ་བོན་གཞིས་ཉིན་སློབ་ཀྱི་ལྟ་གྲུབ་རྒན་ལ་སྨན་རིའི་དགེ་བཤེས་ཤེས་རབ་བསྟན་འཛིན་མཆོག་ནས་ཐེངས་འདིའི་མཐུན་རྐྱེན་བཀོད་སྒྲིག་ཞུ་མཁན་ལས་བྱེད་མི་སྣ་བཅས་ལ་ཐུགས་རྗེ་ལེགས་གསོལ་དང་སྦྲགས། རིག་གཞུང་བལྟ་སྐོར་རམ་མཇལ་སྐོར་ནི་རིས་མེད་དུ་དག་སྣང་སྦྱངས་སྟངས་ཤིག་གམ། ཆོས་བརྒྱུད་ཕན་ཚུན་ལ་བརྩི་བཀུར་བྱེད་སྟངས་ཤིག་ཀྱང་ཡིན་པས། ༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ལྟ་གྲུབ་མཉམ་གནས་དང་། ཆོས་བརྒྱུད་ཕན་ཚུན་བར་ལ་ཆེ་མཐོང་བཞག་སྟངས་ཀྱི་རླབས་ཆེན་གྱི་ཐུགས་དགོངས་དང་ཡོངས་སུ་མཐུན་པས་དོན་སྙིང་གལ་ཆེན་ཡིན་སྐོར་གྱི་གསུང་བཤད་གནངས།

མཇུག་མཐར་རྒན་པད་མ་དགྲ་འདུལ་ལགས་ནས་བཀའ་སློབ་ལམ་སྟོན་གྱི་མཐའ་དོན་མཇུག་བསྡོམས་དང་བཅས་སློབ་དགེ་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཞུས་རྗེས།

གཡུང་དྲུང་བོན་གྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་མཆོག་གི་འགྲེལ་བརྗོད་དང་ལྷན། གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་སྒོམ་སྒྲུབ་ཁང་ནས་དབུ་བཙུགས་ཏེ་ཐེག་པ་རིམ་དགུའི་འགྲེམས་སྟོན་ཁང་། བཀའ་བརྟེན་ཁང་སོགས་དཔེ་མཛོད་ཀྱི་སྡེ་ཚན་ཚང་མར་གཟིགས་སྐོར་གྲུབ།

དེ་རྗེས་༧ཞྭ་དཀར་གཡུང་དྲུང་བོན་གྱི་གཙུག་རྒྱན་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་གཟིམ་ཆུང་མཇལ་ཁ་གྲུབ་མཚམས། རིན་པོ་ཆེས་སྐུ་དངོས་སུ་སློབ་སྤྱི་གཙོས་སློབ་དགེ་དག་ལ་༧སྐྱབས་རྗེ་ཞིང་གཤེགས་དམ་པ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་གཟིམ་ཁང་༼གཟིམ་ཆུང་འོད་འབར་རྗེས་དྲན་དད་རྟེན་ཁང་།༽གི་རྟེན་བཤད་དང་རིན་པོ་ཆེ་སྐུ་ཞལ་བཞུགས་སྐབས་ཀྱི་ཕྱག་ཆས་སོགས་ངོ་སྤྲོད་གནངས་ཡོད་པ་རེད།

སློབ་དགེ་དག་སྨན་རིའི་གཙུག་ལག་ཚོགས་ཁང་དང་། དེའི་སྟེང་གི་༧གོང་ས་མཆོག་གི་གཟིམ་ཆུང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་སོགས་སུ་མཇལ་སྐོར་གྲུབ་ནས། ཉིན་གུང་གསོལ་ཚིགས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་གསང་སྔགས་སྒོམ་སྒྲུབ་གླིང་ནས་མཆོད་ ཡོད་པ་བཅས་ཀྱི་གནས་བསྡུས་སུ།