གཡུང་དྲུང་བོན་གྱི་དྲྭ་རྒྱ།

མུ་གསུམ་མུ་བཞི་འགལ་བ་དོན་གཅིག་བཞི་ཡི་ངོས་འཛིན་དང་འབྲེལ་ནས་རྟགས་གསལ་གཏོང་ཚུལ་གྱི་རིག་ལམ་གནད་བསྡུས།

ཐ་དད་ཡིན་ན་ཁྱད་པར་བཞི་པོ་གང་རུང་ཡོད་པས་ཁྱབ་པར་ཐལ། འདོད།

ཐ་དད་ཡིན་ན་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་ཁྱད་པར་བཞི་པོ་གང་རུང་ཡོད་པས་ཁྱབ་པར་ཐལ། འདོད། དྲི་བ་གོང་འོག་གཉིས་པོ་གང་ཡང་གཏོང་ཆོག

མུ་གསུམ་ངོས་འཛིན་ཚུལ།

གཉིས་ཀ་ཡིན་པའི་མུ། 

གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ།

གཉིས་ཀ་མ་ཡིན་པའི་མུ་དང་གསུམ་ལ་མུ་གསུམ་ཟེར། 

གསེར་གྱི་ཀ་བ་དང་ཀ་བ་གཉིས་ལ་མུ་གསུམ་ཡོད། གསེར་གྱི་ཀ་བ་དང་ཀ་བ་གཉིས་བོན་ཅན། མུ་གསུམ་ཡོད་པར་ཐལ། འདོད། གསེར་གྱི་ཀ་བ་དང་ཀ་བ་གཉིས་བོན་ཅན། མུ་གསུམ་ཡོད་དེ། གཉིས་ཀ་ཡིན་པའི་མུ་དང་གཅིག གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་དང་གཉིས། གཉིས་ཀ་མ་ཡིན་པའི་མུ་དང་གསུམ་ཡོད་པའི་ཕྱིར། གསེར་གྱི་ཀ་བ་དང་ཀ་བ་གཉིས་བོན་ཅན། གཉིས་ཀ་ཡིན་པའི་མུ་ཡོད་པར་ཐལ། འདོད། ཞོག  གསེར་གྱི་ཀ་བ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་བོན་ཅན། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་ཡོད་པར་ཐལ། འདོད། གང་ལ་གང་གིས་ཁྱབ། གསེར་གྱི་ཀ་བ་ཡིན་ན་ཀ་བ་ཡིན་པས་ཁྱབ། གང་ལ་གང་གིས་མ་ཁྱབ། ཀ་བ་ཡིན་ན་གསེར་གྱི་ཀ་བ་ཡིན་པས་མ་ཁྱབ། ཞོག དངུལ་གྱི་ཀ་བ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་བོན་ཅན། གཉིས་ཀ་མ་ཡིན་པའི་མུ་ཡོད་པར་ཐལ། འདོད། ཞོག བུམ་པ་བོན་ཅན།  མུ་གསུམ་ཡོད་མེད་ཚད་ཞོག་ཟེར་ན། གཉིས་ཀ་ཡིན་པའི་མུ་དང་། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་དང་། གཉིས་ཀ་མ་ཡིན་པའི་མུ་བཅས་མུ་འདི་གསུམ་ཡོད་ན་མུ་གསུམ་ཡོད་པས་ཁྱབ་པ་དང་། འདི་གསུམ་མེད་ན་མུ་གསུམ་མེད་པས་ཁྱབ་པ་དང་། འདི་གསུམ་གྱི་ནང་ནས་གཅིག་མ་ཚང་ན་མུ་གསུམ་མེད་པས་ཁྱབ་བཅས་ཁྱབ་པ་ཁས་བླངས་དགོས་སོ། མུ་གསུམ་ཡོད་ན་གཉིས་ཀ་ཡིན་པའི་མུ་ཡོད་པས་ཁྱབ། གཉིས་ཀ་ཡིན་པའི་མུ་མེད་ན་མུ་གསུམ་མེད་པས་ཁྱབ། མུ་གསུམ་ཡོད་ན་གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་ཡོད་པས་ཁྱབ། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་མེད་ན། མུ་གསུམ་མེད་པས་ཁྱབ། མུ་གསུམ་ཡོད་ན་གཉིས་ཀ་མ་ཡིན་པའི་མུ་ཡོད་པས་ཁྱབ། གཉིས་ཀ་མ་ཡིན་པའི་མུ་མེད་ན། མུ་གསུམ་མེད་པས་ཁྱབ་པའི་ཕྱིར།

མུ་གསུམ་སྒྲིག་ནས་རྟགས་གསལ་གཏོང་ཚུལ་གྱི་རིམ་པ་དང་པོ།

གསེར་གྱི་ཀ་བ་དང་ཀ་བ་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་རུང་གི་ཁྱད་པར་ཡོད་པར་ཐལ། ཐ་དད་ཡིན་པའི་ཕྱིར། འདོད། གསེར་གྱི་ཀ་བ་དང་ཀ་བ་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་རུང་གི་ཁྱད་པར་མེད་པར་ཐལ། མུ་གསུམ་གྱི་ཁྱད་པར་མེད་པ་གང་ཞིག མུ་བཞིའི་ཁྱད་པར་མེད། འགལ་བ་ཡང་མ་ཡིན། དོན་གཅིག་ཀྱང་མ་ཡིན་པའི་ཕྱིར།རྟགས་མ་གྲུབ། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག རྟགས་གཉིས་པ་གྲུབ། རྟགས་གསུམ་པ་གྲུབ། རྟགས་བཞི་པ་ཡང་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ། རྟགས་ལན་བརྩི། གསེར་གྱི་ཀ་བ་དང་ཀ་བ་གཉིས་ལ་མུ་གསུམ་གྱི་ཁྱད་པར་མེད་པ་རྟགས་མ་གྲུབ། གསེར་གྱི་ཀ་བ་དང་ཀ་བ་གཉིས་ལ། མུ་གསུམ་གྱི་ཁྱད་པར་ཡོད་པར་ཐལ། འདོད། གསེར་གྱི་ཀ་བ་དང་ཀ་བ་གཉིས་ལ་མུ་གསུམ་གྱི་ཁྱད་པར་མེད་པར་ཐལ། མུ་གསུམ་རེ་རེ་ནས་འཇོག་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ། ཞོག གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་པའི་མུ་དང་གཅིག གསེར་གྱི་ཀ་བ་ཡིན་ན་ཀ་བ་ཡིན་པས་ཁྱབ་ཀྱང་ཀ་བ་ཡིན་ན་གསེར་གྱི་ཀ་བ་ཡིན་པས་མ་ཁྱབ་པའི་མུ་དང་གཉིས། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་པའི་མུ་དང་གསུམ་རེ་རེ་ནས་བོན་ཅན།གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་པའི་མུ་ཞོག གསེར་གྱི་ལྷ་ཁང་གི་ནང་གི་གསེར་གྱི་ཀ་བ་བོན་ཅན། གསེར་གྱི་ལྷ་ཁང་གི་ནང་གི་གསེར་གྱི་ཀ་བ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་པའི་མུ་ཡིན་པར་ཐལ། འདོད། གསེར་གྱི་ལྷ་ཁང་གི་ནང་གི་གསེར་གྱི་ཀ་བ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་པའི་མུ་ཡིན་ཏེ། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་པའི་ཕྱིར། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་ན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་ཡིན་པའི་མུ་ཡིན་པས་ཁྱབ་པར་ཐལ། ཁྱབ། གསེར་གྱི་ཀ་བ་ཡིན་ན་ཀ་བ་ཡིན་པས་ཁྱབ་ཀྱང་ཀ་བ་ཡིན་ན་གསེར་གྱི་ཀ་བ་ཡིན་པས་མ་ཁྱབ་པའི་མུ་ཞོག དངུལ་གྱི་ཀ་བ་བོན་ཅན། དངུལ་གྱི་ཀ་བ་བོན་ཅན། གསེར་གྱི་ཀ་བ་ཡིན་ན་ཀ་བ་ཡིན་པས་ཁྱབ་ཀྱང་ཀ་བ་ཡིན་ན་གསེར་གྱི་ཀ་བ་ཡིན་པས་མ་ཁྱབ་པའི་མུ་ཡིན་པར་ཐལ། འདོད། དངུལ་གྱི་ཀ་བ་བོན་ཅན། གསེར་གྱི་ཀ་བ་ཡིན་ན་ཀ་བ་ཡིན་པས་ཁྱབ་ཀྱང་ཀ་བ་ཡིན་ན་གསེར་གྱི་ཀ་བ་ཡིན་པས་མ་ཁྱབ་པའི་མུ་ཡིན་ཏེ། ཀ་བ་ཡིན་ཀྱང་གསེར་གྱི་ཀ་བ་མ་ཡིན་པའི་ཕྱིར། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་པའི་མུ་ཞོག བུམ་པ་བོན་ཅན། བུམ་པ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་པའི་མུ་ཡིན་པར་ཐལ། འདོད། འདོད་ལན་བརྩི། བུམ་པ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་པའི་མུ་ཡིན་ཏེ། གསེར་གྱི་ཀ་བ་མ་ཡིན་པ་གང་ཞིག ཀ་བ་ཡང་མ་ཡིན་པའི་ཕྱིར། བུམ་པ་བོན་ཅན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་ཏེ། བུམ་པ་ཡིན་པའི་ཕྱིར། བུམ་པ་ཡིན་ན། གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་པས་ཁྱབ་པར་ཐལ། ཁྱབ། ཁྱབ་པ་སློངས།བུམ་པ་ཡིན་ན་གསེར་གྱི་ཀ་བ་དང་ཀ་བ་གཉིས་ཀ་མ་ཡིན་པས་ཁྱབ། 

མུ་གསུམ་གྱི་རྟགས་གསལ་གཏོང་ཚུལ་རིམ་པ་གཉིས་པ།

མུ་གསུམ་གྱི་ནང་ནས་མུ་དང་པོ་དེ་ཡོད་ན། མུ་གཉིས་པ་དེ་ཡོད་པས་ཁྱབ་པར་ཐལ། ཁྱབ་ཟེར་ན། ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་མུ་གཉིས་པ་དེ་ཡོད་པར་ཐལ། མུ་དང་པོ་དེ་ཡོད་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ན། མུ་དང་པོ་དེ་ཡོད་པར་ཐལ། མུ་དང་པོ་དེ་གཉིས་ཀ་ཡིན་པའི་མུ་དེ་བཞག་དགོས་པ་གང་ཞིག ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་ཀ་ཡིན་པའི་མུ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་ཀ་ཡིན་པའི་མུ་ཡོད་པར་ཐལ། གསེར་གྱི་ཀ་བ་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འཁོར་གསུམ། ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་གཉིས་པ་དེ་མེད་པར་ཐལ། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་དེ་མེད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། ཀ་བ་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་པས་ཁྱབ་ཀྱང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་ན་ཀ་བ་ཡིན་པས་མ་ཁྱབ་པའི་མུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ཟེར་ན། འཁོར་གསུམ། ཞོག་ལབ། ཀ་བ་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་པས་ཁྱབ་ཀྱང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་ན་ཀ་བ་ཡིན་པས་མ་ཁྱབ་པའི་མུ་མེད་པར་ཐལ། ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། 

མུ་གསུམ་གྱི་རྟགས་གསལ་གཏོང་ཚུལ་རིམ་པ་གསུམ་པ།

མུ་གསུམ་གྱི་ནང་ནས་མུ་གཉིས་པ་དེ་ཡོད་ན། མུ་དང་པོ་དེ་ཡོད་པས་ཁྱབ་ཟེར་ན། ཀ་བུམ་གཉིས་དང་དངོས་པོ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་མུ་དང་པོ་དེ་ཡོད་པར་ཐལ། མུ་གསུམ་གྱི་ནང་ནས་མུ་གཉིས་པ་དེ་ཡོད་པའི་ཕྱིར། འདོད་ཟེར་ན། འཁོར་གསུམ། ཀ་བུམ་གཉིས་དང་དངོས་པོ་གཉིས་བོན་ཅན། གཉིས་ཀ་ཡིན་པའི་མུ་ཡོད་པར་ཐལ། མུ་གསུམ་གྱི་ནང་ནས་མུ་དང་པོ་དེ་ཡོད་པའི་ཕྱིར། རྟགས་ཁས། མུ་གསུམ་གྱི་ནང་ནས་མུ་གཉིས་པ་དེ་ཡོད་པ་རྟགས་མ་གྲུབ་ཟེར་ན། ཀ་བུམ་གཉིས་དང་དངོས་པོ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་མུ་གཉིས་པ་དེ་ཡོད་པར་ཐལ། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་དེ་མུ་གསུམ་གྱི་ནང་ནས་མུ་གཉིས་པ་བཞག་

དགོས་པ་གང་ཞིག་དེ་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འཁོར་གསུམ།ཀ་བུམ་གཉིས་དང་དངོས་པོ་གཉིས་ཅན། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་ཡོད་པར་ཐལ། ཀ་བུམ་གཉིས་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཀྱང་དངོས་པོ་ཡིན་ན་ཀ་བུམ་གཉིས་ཡིན་པས་མ་ཁྱབ་པའི་མུ་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འཁོར་གསུམ། ཀ་བུམ་གཉིས་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཀྱང་དངོས་པོ་ཡིན་ན་ཀ་བུམ་གཉིས་ཡིན་པས་མ་ཁྱབ་པའི་མུ་ཡོད་པར་ཐལ། ཀ་བ་དེ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། ཀ་བ་བོན་ཅན། ཀ་བུམ་གཉིས་ཡིན་ན་དངོས་པོ་ཡིན་པས་ཁྱབ་ཀྱང་དངོས་པོ་ཡིན་ན་ཀ་བུམ་གཉིས་ཡིན་པས་མ་ཁྱབ་པའི་མུ་ཡིན་པར་ཐལ། དངོས་པོ་ཡིན་པ་གང་ཞིག ཀ་བུམ་གཉིས་མ་ཡིན་པའི་ཕྱིར། ཀ་བུམ་གཉིས་དང་དངོས་པོ་གཉིས་བོན་ཅན། མུ་གསུམ་མེད་པར་ཐལ། འགལ་བ་ཡིན་པའི་ཕྱིར།

མུ་གསུམ་གྱི་རྟགས་གསལ་གཏོང་ཚུལ་རིམ་པ་བཞི་པ།

མུ་གསུམ་གྱི་ནང་ནས་མུ་གསུམ་པ་དེ་ཡོད་ན། མུ་གསུམ་གྱི་ནང་ནས་མུ་དང་པོ་དང་གཉིས་པ་དེ་གཉིས་རེ་རེ་ནས་ཡོད་པས་ཁྱབ་པར་ཐལ། ཁྱབ་ཟེར་ན། ཀ་བ་དང་བུམ་པ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་མུ་དང་པོ་དང་མུ་གཉིས་པ་དེ་གཉིས་རེ་རེ་ནས་ཡོད་པར་ཐལ། མུ་གསུམ་གྱི་ནང་ནས་མུ་གསུམ་པ་དེ་ཡོད་པའི་ཕྱིར། འདོད་ཟེར་ན། ཀ་བ་དང་བུམ་པ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་མུ་དང་པོ་དང་གཉིས་པ་དེ་གཉིས་རེ་རེ་ནས་མེད་པར་ཐལ། གཉིས་ཀ་ཡིན་པའི་མུ་མེད་པ་གང་ཞིག གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་ཡང་མེད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག རྟགས་གཉིས་པ་ཡང་གྲུབ་

པའི་ཕྱིར། རྟགས་རེ་རེ་ནས་མ་གྲུབ་ཟེར་ན། རྟགས་རེ་རེ་ལ་རྟགས་ལན་བརྩི། ཀ་བ་དང་བུམ་པ་གཉིས་བོན་ཅན། གཉིས་ཀ་ཡིན་པའི་མུ་དང་། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་གཉིས་རེ་རེ་ནས་ཡོད་པར་ཐལ། ཅིའི་ཕྱིར། རྟགས་རེ་རེ་ནས་མ་གྲུབ་པ་དེའི་ཕྱིར། འདོད་ཟེར་ན། འཁོར་གསུམ། རེ་རེ་ནས་ཞོག ཀ་བ་དང་བུམ་པ་གཉིས་བོན་ཅན། མུ་གསུམ་གྱི་ནང་ནས་མུ་གསུམ་པ་དེ་ཡོད་པར་ཐལ། གཉིས་ཀ་མ་ཡིན་པའི་མུ་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། ཀ་བ་དང་བུམ་པ་གཉིས་བོན་ཅན། གཉིས་ཀ་མ་ཡིན་པའི་མུ་ཡོད་པར་ཐལ། འབྱུང་བ་མེ་དེ་ཡིན་པའི་ཕྱིར། 

མུ་གསུམ་གྱི་རྟགས་གསལ་གཏོང་ཚུལ་རིམ་པ་ལྔ་པ།

རྟགས་གསལ་གཏོང་དུས་མུ་གསུམ་ཡོད་པར་ཐལ་ཞེས་གཏོང་དགོས། མུ་གསུམ་ཡིན་པར་ཐལ་ཞེས་རྟགས་གསལ་བཏང་ན་མི་འགྲིག རིག་ལམ་གྱི་བརྡར་ཤ་མ་ཆོད་པའི་རྟགས་ཡིན། མི་འགྲིག་པའི་རྒྱུ་མཚན་ཡོད་དེ། མུ་གསུམ་ཡིན་མཁན་ཞིག་མེད་པའི་ཕྱིར། གཉིས་ཀ་ཡིན་པའི་མུ་དང་། གང་ལ་གང་གིས་ཁྱབ་ཀྱང་གང་ལ་གང་གིས་མ་ཁྱབ་པའི་མུ་དང་། གཉིས་ཀ་མ་ཡིན་པའི་མུ་བཅས་འདི་གསུམ་ཡིན་མཁན་ཞིག་མེད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། འཁོར་གསུམ། དེ་གསུམ་ཡིན་མཁན་ཞིག་ཡོད་པར་ཐལ།  འདོད་ཟེར་ན། ཞོག མུ་གསུམ་ཡིན་མཁན་ཞིག་བཞག་རྒྱུ་གཏན་ནས་མི་སྲིད་དོ། ཀ་བ་དང་དངོས་པོ་གཉིས་ལ་མུ་གསུམ་ཡོད་ཅེས་བརྗོད་དགོས་པ་ལས་ཀ་བ་དང་དངོས་པོ་གཉིས་མུ་གསུམ་ཡིན་ཞེས་ཟེར་བ་ནི་རིག་ལམ་གྱི་བརྡར་ཤ་མ་ཆོད་པའི་སྐྱོན་ཡིན་ནོ། གཞན་ཡང་གང་ལ་གང་གིས་ཁྱབ་པ་ཡོད་པ་དང་གང་ལ་གང་གིས་མ་ཁྱབ་པའི་མུ་ཡོད་པ་དང་། གཉིས་ཀ་མ་ཡིན་པའི་མུ་ཡོད་པ་ཙམ་གྱིས་ཀྱང་མུ་གསུམ་ཡོད་པ་འཇོག་མི་རིགས་ཏེ།ཀ་བུམ་གཉིས་དང་དངོས་པ་དེ་ཡིན་པའི་ཕྱིར། ཀ་བུམ་གཉིས་ཡིན་ན་དངོས་པོ་ཡིན་པས་ཁྱབ། དངོས་པོ་ཡིན་ན་ཀ་བུམ་གཉིས་ཡིན་པས་མ་ཁྱབ། ཀ་བུམ་གཉིས་དང་དངོས་པོ་གཉིས་ཀ་མ་ཡིན་པའི་མུ་ཡང་ཡོད་པའི་ཕྱིར། ཀ་བུམ་གཉིས་དང་དངོས་པོ་གཉིས་ལ་མུ་གསུམ་གྱི་ནང་ནས་མུ་གཉིས་པ་དང་མུ་གསུམ་པ་ཚང་ཡང་མུ་དང་པོ་གཉིས་ཀ་ཡིན་པའི་མུ་དེ་མ་ཚང་བའི་རྒྱུ་མཚན་གྱིས་ཀ་བུམ་གཉིས་དང་དངོས་པོ་གཉིས་ལ་མུ་གསུམ་མེད་པ་ཡིན་ནོ། ཀ་བུམ་གཉིས་དང་དངོས་པོ་གཉིས་ལ་མུ་གསུམ་གྱི་ནང་ནས་མུ་དང་པོ་དེ་མ་ཚང་སྟེ། མུ་དང་པོ་དེ་གཉིས་ཀ་ཡིན་པའི་མུ་བཞག་དགོས་པ་གང་ཞིག གཉིས་ཀ་ཡིན་པའི་མུ་མེད་པའི་ཕྱིར། ཀ་བུམ་གཉིས་དང་དངོས་པོ་གཉིས་བོན་ཅན། གཉིས་ཀ་ཡིན་པའི་མུ་མེད་པར་ཐལ། འགལ་བ་ཡིན་པའི་ཕྱིར། 

མུ་གསུམ་གྱི་ནང་ནས་མུ་གསུམ་པའི་དྭོགས་སེལ།

མུ་གསུམ་གྱི་ནང་ནས་མུ་གསུམ་པ་དེ། གཉིས་ཀ་མ་ཡིན་པའི་མུ་འཇོག་དགོས་པའི་རྒྱུ་མཚན་དང་གང་རུང་མ་ཡིན་པའི་མུ་བཞག་ན་མི་འཐད་པའི་རྒྱུ་མཚན་ཡོད་པར་ཐལ། འདོད། མུ་གསུམ་གྱི་ནང་ནས་མུ་གསུམ་པ་དེ། གང་རུང་མ་ཡིན་པའི་མུ་བཞག་ན། སྐྱོན་ཡོད་པར་ཐལ། འདོད། བདག་མེད་དང་ཤེས་བྱ་གཉིས་ལ་མུ་གསུམ་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། བདག་མེད་དང་ཤེས་བྱ་གཉིས་ལ་མུ་གསུམ་མེད་པར་ཐལ་བའི་སྐྱོན་ཡོད་པར་ཐལ། བདག་མེད་དང་ཤེས་བྱ་གཉིས་གང་རུང་མ་ཡིན་པའི་མུ་མེད་པའི་ཕྱིར། ཡོད་མེད་གཉིས་པོ་གང་རུང་ཡིན་ན། བདག་མེད་དང་ཤེས་བྱ་གཉིས་པོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། བདག་མེད་དང་ཤེས་བྱ་གཉིས་ཀ་མ་ཡིན་

པའི་མུ་ཡོད་དེ། རི་བོང་གི་རྭ་དེ་ཡིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ན་མུ་གསུམ་གྱི་ནང་ནས་མུ་གསུམ་པ་དེ་གཉིས་ཀ་མ་ཡིན་པའི་མུ་འཇོག་དགོས་སོ། བདག་མེད་དང་ཤེས་བྱ་གཉིས་ལ་མུ་གསུམ་ཡོད་དོ། བདག་མེད་དང་ཤེས་བྱ་གཉིས་བོན་ཅན། མུ་གསུམ་ཡོད་དེ། བདག་མེད་དང་ཤེས་བྱ་གཉིས་ཀ་ཡིན་པའི་མུ་ཡོད། ཤེས་བྱ་ཡིན་ན་བདག་མེད་ཡིན་པས་ཁྱབ་ཀྱང་བདག་མེད་ཡིན་ན་ཤེས་བྱ་ཡིན་པས་མ་ཁྱབ་པའི་མུ་ཡོད། བདག་མེད་དང་ཤེས་བྱ་གཉིས་ཀ་མ་ཡིན་པའི་མུ་ཡང་ཡོད་པའི་ཕྱིར། 

མུ་བཞི་ངོས་འཛིན་ཚུལ།

གཅིག་ཤོས་ཡིན་ལ་གཅིག་ཤོས་མ་ཡིན་པའི་མུ། གཅིག་ཤོས་ཡིན་ལ་གཅིག་ཤོས་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མ་ཡིན་པའི་མུ། འདི་བཞི་ལ་མུ་བཞི་ཟེར།

མུ་བཞི་སྒྲིག་ནས་རྟགས་གསལ་གཏོང་ཚུལ།

གསེར་དང་ཀ་བ་གཉིས་ལ་མུ་བཞི་ཡོད། གསེར་དང་ཀ་བ་གཉིས་བོན་ཅན། མུ་བཞི་ཡོད་པར་ཐལ། འདོད། གསེར་དང་ཀ་བ་གཉིས་བོན་ཅན། མུ་བཞི་ཡོད་དེ། གཅིག་ཤོས་ཡིན་ལ་གཅིག་ཤོས་མ་ཡིན་པའི་མུ་དང་གཅིག གཅིག་ཤོས་ཡིན་ལ་གཅིག་ཤོས་མ་ཡིན་པའི་མུ་དང་གཉིས། གཉིས་ཀ་ཡིན་པའི་མུ་དང་གསུམ། གཉིས་ཀ་མ་ཡིན་པའི་མུ་དང་བཞི་ཡོད་པའི་ཕྱིར། གསེར་ཡིན་ལ་ཀ་བ་མ་ཡིན་པའི་མུ་ཞོག གསེར་གྱི་བུམ་པ་བོན་ཅན། ཀ་བ་ཡིན་ལ་གསེར་མ་ཡིན་པའི་མུ་ཞོག དངུལ་གྱི་ཀ་བ་བོན་ཅན། གསེར་དང་ཀ་བ་གཉིས་ཀ་ཡིན་པའི་མུ་ཞོག གསེར་གྱི་ཀ་བ་བོན་ཅན།གསེར་དང་ཀ་བ་གཉིས་ཀ་མ་ཡིན་པའི་མུ་ཞོག དངུལ་གྱི་བུམ་པ་བོན་ཅན།

མུ་བཞི་ཡི་ནང་ནས་མུ་བཞི་པའི་དྭོགས་སེལ།

མུ་བཞི་ཡི་ནང་ནས་མུ་བཞི་པ་དེ། གཉིས་ཀ་མ་ཡིན་པའི་མུ་བཞག་དགོས་པའི་རྒྱུ་མཚན་དང་། གང་རུང་མ་ཡིན་པའི་མུ་བཞག་ན་མི་འཐད་པའི་རྒྱུ་མཚན་ཡོད་པར་ཐལ། འདོད། མུ་བཞི་ཡི་ནང་ནས་མུ་བཞི་པ་དེ་གང་རུང་མ་ཡིན་པའི་མུ་བཞག་ན། དངོས་མེད་དང་ཤེས་བྱ་གཉིས་ལ་མུ་བཞི་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དངོས་མེད་དང་ཤེས་བྱ་གཉིས་ལ་མུ་བཞི་མེད་པར་ཐལ་བའི་སྐྱོན་ཡོད་པར་ཐལ། གང་རུང་མ་ཡིན་པའི་མུ་མེད་པའི་ཕྱིར། ཡོད་མེད་གཉིས་པོ་གང་རུང་ཡིན་ན། དངོས་མེད་དང་ཤེས་བྱ་གཉིས་པོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། དངོས་མེད་དང་ཤེས་བྱ་གཉིས་ཀ་མ་ཡིན་པའི་མུ་ཡོད་དེ། ཀ་བ་དེ་ཡིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ན་མུ་བཞི་ཡི་ནང་ནས་བཞི་པ་དེ་གཉིས་ཀ་མ་ཡིན་པའི་མུ་བཞག་དགོས་སོ།དངོས་མེད་དང་ཤེས་བྱ་གཉིས་ལ་མུ་བཞི་ཡོད་དོ། དངོས་མེད་དང་ཤེས་བྱ་གཉིས་བོན་ཅན། མུ་བཞི་ཡོད་དེ།  དངོས་མེད་ཡིན་ལ་ཤེས་བྱ་མ་ཡིན་པའི་མུ། རི་བོང་རྭ་དེ་བཞག ཤེས་བྱ་ཡིན་ལ་དངོས་མེད་མ་ཡིན་པའི་མུ། ཀ་བ་དེ་བཞག དངོས་མེད་དང་ཤེས་བྱ་གཉིས་ཀ་ཡིན་པའི་མུ། ནམ་མཁའ་དེ་བཞག དངོས་མེད་དང་ཤེས་བྱ་གཉིས་ཀ་མ་ཡིན་པའི་མུ། མོ་གཤམ་གྱི་བུ་དེ་བཞག་ན་འཐད་པའི་ཕྱིར་རོ། 

འགལ་བ་ངོས་འཛིན་ཚུལ།

གཞི་མཐུན་མི་སྲིད་པ་གང་ཞིག་ཐ་དད་དུ་གནས་པའི་བོན།

ཀ་བུམ་གཉིས་འགལ་བ་ཡིན། ཀ་བུམ་གཉིས་བོན་ཅན། འགལ་བ་ཡིན་པར་ཐལ། འདོད། ཀ་བུམ་གཉིས་བོན་ཅན། འགལ་བ་ཡིན་ཏེ། གཞི་མཐུན་མི་སྲིད་པ་གང་ཞིག་ཐ་དད་དུ་གནས་པའི་བོན་ཡིན་པའི་ཕྱིར།

དོན་གཅིག་ངོས་འཛིན་ཚུལ།

ཐ་དད་གང་ཞིག་ཡིན་པ་ཡོད་པའི་སྒོ་ནས་ཕན་ཚུན་ཕར་ཁྱབ་ཚུར་ཁྱབ་ཡིན་པ།

ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་དོན་གཅིག་ཡིན། 

ཀ་བ་དང་གདུང་འདེགས་ཀྱི་དོན་བྱེད་ནུས་པ་གཉིས་བོན་ཅན། དོན་གཅིག་ཡིན་ཏེ། ཐ་དད་གང་ཞིག་ཡིན་པ་ཡོད་པའི་སྒོ་ནས་ཕན་ཚུན་ཕར་ཁྱབ་ཚུར་ཁྱབ་ཡིན་པའི་ཕྱིར། 

ཉི་མིང་པས་ལས་དང་པོ་བ་རྣམས་ཀྱི་རིག་ལམ་གྱི་སྒོ་བརྒྱ་འབྱེད་པའི་ཕྱིར་རང་ཤག་སྣང་བ་དགའ་འཁྱིལ་དུ་བྲིས། འདི་ཡང་མཉམ་མེད་རྒྱལ་བ་གཉིས་པའི་བསྟན་པའི་གསལ་བྱེད་དུ་གྱུར་ཅིག