གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གསང་སྔགས་རིག་པ་འཛིན་པ་ཁག་ཅིག་གིས་དབལ་ཆུ་སྐོལ་བ།

ཁ་སང་སྟེ་བོད་ལྕགས་གླང་ལོའི་བོད་ཟླ་༡༠ཚེས་༨དང་། ཕྱི་ལོ་2021ལོའི་སྤྱི་ཟླ་12པའི་ཚེས་11ཉིན་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གསང་སྔགས་སྒོམ་སྒྲུབ་གླིང་དུ། དོལ་པོ་བསམ་གླིང་དགོན་པའི་བླ་མ་ཡང་སྟོན་ཤེས་རབ་བསྟན་འཛིན་རིན་པོ་ཆེ་དང་། ར་ནག་སྔགས་པ་བཀྲ་ཤིས་ཚེ་དབང་། ཡང་སྟོན་བླ་མ་བསྟན་འཛིན་དབང་རྒྱལ། ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན། ཁྱུང་པོ་

སྔགས་འཆང་ཟླ་བ་བསམ་འགྲུབ། ཆོས་འཁོར་ཚང་སྔགས་འཆང་གཡུང་དྲུང་ཡེ་ཤེས། སེ་བ་སྔགས་འཆང་པ་སངས་བསྟན་འཛིན། ར་ནག་གཡུང་དྲུང་བསྟན་འཛིན་བཅས་རིག་འཛིན་སྔགས་ཀྱི་རྒྱུད་འཛིན་དུ་མས། གཙང་མ་ཞང་ཞུང་གི་བོན་སྡེ་བརྗོད་ཀྱིས་མི་ལངས་བའི་ཁྲོད་ཀྱི། སྔགས་ཕྱོགས་ཀྱི་དབང་དུ་བྱས་ན་ཚེ་ལོ་བརྒྱད་ཁྲིའི་དུས། བོན་སྐུ་གཡོ་བ་མེད་པའི་ཀློང་ནས་ཡེ་ཤེས་ཀྱི་ཆོ་འཕྲུལ་ཏུ་ཡེ་ཤེས་ཀྱི་ལྷ་ཨ་ཏི་མུ་ཝེར། ལོངས་སྤྱོད་རྫོགས་སྐུའི་ཚུལ་དུ་རྫུ་འཕྲུལ་གྱི་ལྷ་ཀུ་བྱི་མང་སྐེ།

དེའི་ངང་ལས་འགྲོ་བ་ལོག་པར་འདུལ་བའི་དོན་དུ་སྤྲུལ་བའི་སྐུ་ལྷ་དབལ་ཆེན་གེ་ཁོད་བྱ་བར་སྐུ་སྤྲུལ་ནས། ཙོ་མར་ཐིས་ལ་སོགས་མང་དུ་གསུངས་ཀྱང་། བསྡུས་ན་སྲུང་བ་སྤུ་དང་། བཟློགས་པ་ཐིས། བསད་པ་སླན་དང་གསུམ་དུ་བྱས་ཤིང་། དེ་ཡང་ཙོ་སྐྱ་ཐེའུ་འདུལ་ཕྱིའི་རྒྱུད། ཙོ་མར་དགྲ་འདུལ་ནང་གི་རྒྱུད། མེ་རི་གྱད་ཕུར་གསང་བའི་རྒྱུད་དང་གསུམ་བཅས། ཞང་ཞུང་ཁྲི་སྡེ་ལྕགས་ཀྱི་བྱ་རུ་ཅན་ལ་བརྒྱུད། དེ་ནས་རིམ་བཞིན་ཚེ་སྤུངས་ཟླ་བ་རྒྱལ་མཚན་ཡན་དགོངས་པ་བརྡ་བརྒྱུད་དང་།

གྲོ་སོག་སྦུབ་རྒྱུད་ཀྱི་ལག་ལེན་དུ་བསྟར་ནས་དེང་ལ་ཐུག་གི་བར་དུ། དབང་དང་རྒྱུད་པའི་ཟམ་མ་ཞིག བྱིན་རླབས་ཀྱི་ན་བུན་མ་ཡལ། ཕྱག་ལེན་ཚང་ལ་མ་ནོར་བ། གདམས་པ་ཐུགས་ཐོག་ལ་བཅགས་པ། ཐུགས་གདམས་ཕྱག་ལེན་དུ་བསྟར་བ་བཅས་བྱས་ནས། གེ་ཁོད་ཛྭོ་ཡི་བསྟན་པས་འགྲོ་དོན་རྒྱ་ཆེར་བསྐྱངས་པ་བོན་གྱི་ཡིག་ཚང་ཁག་ཏུ་གསལ་བ་བཞིན་ནོ།

སྤྱི་ལོ་1996ལོར་བསམ་གླིང་བླ་མ་ཤེས་རབ་བསྟན་འཛིན་གཙོས་རིག་འཛིན་ཁག་ཅིག་གིས་༧སྐྱབས་རྗེ་ཞིང་ཁམས་པ་སྨན་རིའི་ཁྲི་འཛིན་༣༣པའི་བཀའ་གསུང་སྤྱི་བོར་བླངས་ནས་གདན་ས་འདིར་དབལ་ཆུ་སྐོལ་ཡོད་ཅིང་། ཐེངས་འདིར་ཡང་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་གིས་དེང་གི་དུས། ཏོག་སར་རིམས་ནད་འཛམ་གླིང་ཡུལ་གྲུ་ཁག་ཏུ་ཁྱབ་བདལ་དུ་ཕྱིན་ནས། མིའི་ལུས་སེམས་གཉིས་ལ་དཀའ་སྡུག་འཕྲད་མུས་སུ་དགོངས་ནས།

དབལ་ཆུ་སྐོལ་དགོས་ཀྱི་བཀའ་གསུང་སྤྱི་བོར་བླངས་ནས་བསམ་གླིང་གསང་སྔགས་རིག་པ་འཛིན་པ་དག་གིས་བོད་ཟླ་བདུན་པ་ནས་དབལ་ཆུའི་ལས་རིམ་གྱི་སྟ་གོན་བྱས་ཤིང་། ཁྱུང་སྒོང་བཟོ་བྱེད་ཀྱི་མར་ནི་ཟླ་བ་ཕག་གི་མར་ཡིན་དགོས་པ་དང་།

དེ་ཡང་གཙང་མ་ཞང་ཞུང་ལྷ་རིགས་མཉེས་བྱེད་ཀྱི་རྒྱུར་དགོས་པའི་མར། ཁྱིམ་ཚང་རིགས་བཟང་ཁུངས་བཙུན་ཞིག་གི་ཁྱིམ་ནས་བཙལ་དགོས་པ། དབལ་སྙིང་རིན་ཆེན་རྣམ་ལྔ་དང་།ཛྭོ་ལྕགས་བཅོ་བརྒྱད་སོགས་ཚགས་སུ་ཚུད་རྗེས། སྒྲུབ་མཁན་གང་ཟག་ལའང་དད་པ་ཡིད་ཆེས་ཙམ་གྱིས་མི་ཆོག་སྟེ། དབང་པོ་ཚང་ཞིང་གཙང་སྦྲ་འཕྲོད་བསྟེན་བཟང་བ་ཞིག་ཡིན་དགོས་ཤིང་།

དབལ་ཆུ་ལ་མང་དུ་ཡོད་ཀྱང་སྲིད་པའི་འདྲེ་དགུ་དང་གཙུག་ལག་གི་གདོན་བཅུ་འདུལ་བར་བྱེད་པ། དབལ་ཤེལ་རྒྱུང་དཀར་པོ་ཛྭོ་དམར་གླང་ཆེན་འགྱིང་བའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཤིང་། ཉིན་ཉེར་བརྒྱད་རིང་མཚམས་བཅད་བསྙེན་ཚད་བསག་བསྒྲུབ་བྱས་ཤིང་། དེ་ཡང་སྔགས་སྤྱིའི་འགྲོས་ལྟར་བསྙེན་པའི་གཞི་མ་སྒོ་དགུས་ཁོག་དབུབ། སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱིས་གཞུང་བསྲང་། ལས་མཐའ་དབལ་ཆུའི་ཁྱུང་ཚང་བསྟོད་པ། ཁྱུང་སྒོང་ལེན་པ། བལ་ཐག་སྟ་ཚན་དུ་འདྲེན་པ། དབལ་རྡོ་འགྱེད་པ། དབལ་མཚོ་ཁྲུས་གསོལ་སོགས་བྱས་ནས་དབལ་ཛྭོའི་ལས་རིམ་མཇུག་གྲུབ་རྗེས། དེ་རིང་སྟེ་2021ལོའི་སྤྱི་ཟླ་12པའི་ཚེས་12ཉིན་བཀྲ་ཤིས་རབ་གནས་མངའ་གསོལ་ཀྱིས་དབལ་ཆུ་སྐོལ་བའི་ལས་རིམ་མཇུག་ཡོངས་སུ་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ། །

བརྙན་ལེན་པ། ཁྲི་གཙུག་རྣམ་རྒྱལ།