རང་གྲོལ་གཤིས་ཀྱི་རྟོགས་པ་བརྗོད་པ།

ཇི་ཙམ་སྨྲ་བ་མཁས་ཀྱང་རུང་།།

འབུམ་ཕྲག་འཁོར་གྱིས་བསྐོར་ཡང་རུང་།

གཅིག་ཤེས་ཀུན་གྲོལ་ཉམས་ལེན་འདི།།

མེད་ན་ཉམས་ཀྱི་མདོ་རྩ་ཤོར།།

བླ་མའི་ཞལ་གྱི་བརྒྱུད་པ་དང་།།

མན་ངག་ཁུངས་ཀྱི་བརྒྱུད་པ་དང་།།

གྲུབ་པ་བསྙེམས་པའི་བརྒྱུད་པ་གསུམ།།

མེད་ན་བྱིན་རླབས་ཇི་ལྟར་འབྱུང་།།

ཐ་སྙད་སྐམ་པོ་བློར་ཡོད་ཀྱང་།།

བྱིན་རླབས་སེམས་ལ་མ་ཞུགས་ན།།

རྒྱལ་བ་གོང་མའི་དགོངས་ཉམས་དེ།།

སྣོད་ལྡན་བུ་ལ་ཇི་ལྟར་འཕོ།།

ཡིད་བྱེད་བྲལ་བའི་དགོངས་པ་འདི།།

རང་སར་བཞག་ནས་མ་སྒོམ་ན།།

སེམས་རིག་གཉིས་ཀྱི་དྭངས་སྙིགས་དེ།།

རང་དྭངས་ངང་ནས་ཇི་ལྟར་ཕྱེད།།

སྤོང་སྡུད་ཞེན་གསུམ་གང་གིས་ཀྱང་།།

འགྱུ་བ་རང་སར་མི་སང་བས།།

བློ་ཡི་འགྱུ་བ་མ་སང་ན།།

ཀུན་བཟང་རྒྱལ་ས་ཇི་ལྟར་ཟིན།།

ངོ་བོ་ཀ་དག་ཡེ་སྟོང་དང་།།

རང་བཞིན་ལྷུན་གྲུབ་རང་གསལ་དང་།།

ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་གསུམ།།

མེད་ན་སྐུ་གསུམ་ཇི་ལྟར་ཐོབ།།

ངོ་བོ་རང་བཞིན་ཐུགས་རྗེ་ལས།།

རང་མདངས་སྣང་གསུམ་མ་ཤར་ན།།

སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི།།

མི་ཟད་རྒྱན་ཚོགས་ཇི་ལྟར་ཤར།།

སྟོང་པའི་ངོ་བོ་མར་མེ་བཞིན།།

གསལ་བ་རང་ཆས་ལྷུན་གྱིས་གྲུབ།།

རང་མདངས་འོད་ལྔ་མ་ཤར་ན།།

ཞིང་ཁམས་རབ་འབྱམས་ཇི་ལྟར་གྲུབ།།

རང་འབྱུང་ངོ་བོ་སྟོང་པ་དང་།།

སྟོང་པ་རང་གསལ་ཡེ་ཤེས་གཉིས།།

མེད་ན་རྟག་ཆད་མཐའ་གཉིས་ཀྱི།།

མཐར་འཛིན་དྲྭ་བ་ཇི་ལྟར་ཆོད།།

གང་གི་ཕྱོགས་སུ་མ་ལྷུང་བའི།།

མཐའ་བཞི་རྒྱ་གྲོལ་སྟོང་པ་འདི།།

མེད་ན་ཡོད་མེད་ཕྱོགས་འཛིན་གྱི།།

མཐའ་རྒྱ་བཞི་པོ་ཇི་ལྟར་གྲོལ།།

གདོད་ནས་གསལ་འགྲིབ་མེད་པ་ཡི།།

སྟོང་གསལ་འཛིན་མེད་རིག་པ་འདི།།

མེད་ན་འཛིན་ཆགས་ཞེན་གསུམ་གྱི།།

མཚན་མའི་འགག་འཕྲང་སུ་ཡིས་གཏོར།།

གསལ་བ་གང་ཡིན་སྟོང་པ་དང་།།

སྟོང་པ་གང་ཡིན་གསལ་བ་ཡི།།

གསལ་སྟོང་གཉིས་མེད་འདི་མེད་ན།།

གཉིས་མེད་དགོངས་པ་སུ་ཡིས་རྟོགས།།

སྟོང་པས་སྟོང་པ་མ་འཇལ་བར།།

འཇལ་བྱེད་གཞན་ཞིག་འཚོལ་དགོས་ན།།

སྟོང་འཆལ་དབུ་མའི་སྟོང་པ་ལས།།

ཡང་རྩེའི་སྟོང་པ་ཇི་ལྟར་འཕགས།།

སྐུ་གསུམ་ཡེ་ནས་རང་སེམས་ལ།།

རང་ལ་རང་ཆས་མ་རྫོགས་ན།།

གཞན་ལ་རེ་དང་ལྷུང་དྭོགས་པའི།།

རེ་དྭོགས་མཚན་མ་ཇི་ལྟར་སངས།།

རང་འབྱུང་ངོ་བོ་སྟོང་པ་འདི།།

གདོད་ནས་ཀ་དག་མ་ཡིན་ན།།

འབུར་འཇོམས་འགོ་ཐུག་རྗེས་དེད་ཀྱིས།།

མཚན་མ་རང་གྲོལ་ཇི་ལྟར་འགྱུར།།

རང་གྲོལ་རིག་པའི་གླང་པོ་འདི།།

རྩོལ་མེད་ལྷུན་གྲུབ་མ་ཡིན་ན།།

འཁོར་འདས་སྣང་བ་ཇི་སྙེད་པ།།

སྣང་སྲིད་གཞི་ནས་ཇི་ལྟར་བཞེངས།།

ལྟ་བའི་རྒྱལ་པོ་ཁྱུང་ཆེན་གྱིས།།

སྤྱི་རྒྱ་རླབས་ཀྱིས་མ་གཅོད་ན།།

ངམ་གྲོག་གཡང་སའི་ཚོགས་རྣམས་ཀུན།།

གཅིག་ཆར་ཉིད་དུ་ཇི་ལྟར་ཆོད།།

གཞོན་ནུ་བུམ་པའི་སྐུ་འདི་ཡི།།

རང་མདངས་ཕྱི་རུ་མ་མངོན་ན།།

འོད་གསལ་སྣང་བ་རྗེན་གཅེར་དུ།།

ཕྱིར་གསལ་ཉིད་དུ་ཇི་ལྟར་འགྱུར།།

སྟོང་གསལ་རིག་པ་རྗེན་པ་འདི།།
ཙི་ཏ་རིན་ཆེན་དྭངས་མའི་ཀློང་།།
མར་མེ་བཞིན་དུ་མ་བཞུགས་ན།།
ནང་གསལ་ཉིད་དུ་ཇི་ལྟར་གནས།།

གདོད་ནས་ཉི་མའི་སྙིང་པོ་ལྟར།།

མུན་པ་གཏིང་ནས་མ་དག་ན།།

གསལ་འགྲིབ་མེད་པའི་རིག་པ་འདི།།

གཏིང་གསལ་ཆེན་པོར་ཇི་ལྟར་འགྱུར།།

མ་བཅོས་རང་འབབ་དགོངས་པ་འདི།།

རང་འབབ་ངང་དུ་མ་བཞག་ན།།

བཅོས་མ་བློ་ཡི་རླུང་འཚུབས་དེ།།

རང་གྲོལ་ཀློང་དུ་ཇི་ལྟར་ཞི།།

དམིགས་པ་མེད་པའི་དགོངས་པ་འདི།།

དམིགས་མེད་ངང་དུ་མ་བཞག་ན།།

དམིགས་པ་བློ་ཡི་གཟའ་གཏད་དེ།།

གཏད་མེད་ངང་དུ་ཇི་ལྟར་དེངས།།

འཛིན་པ་མེད་པའི་དགོངས་པ་འདི།།

འཛིན་མེད་ངང་དུ་མ་བཞག་ན།།

འཛིན་པ་སེམས་ཀྱི་འཁྱག་རོམ་དེ།།

འཛིན་མེད་ཀློང་དུ་ཇི་ལྟར་བཞུ།།

ཆགས་པ་མེད་པའི་དགོངས་པ་འདི།།

ཆགས་མེད་ངང་དུ་མ་བཞག་ན།།

ཆགས་པ་འཁོར་བའི་གདོས་ཐག་དེ།།

ཆགས་མེད་ཀློང་དུ་ཇི་ལྟར་ཆད།།

ཞེན་པ་མེད་པའི་དགོངས་པ་འདི།།

ཞེན་མེད་ངང་དུ་མ་བཞག་་ན།།

ཞེན་པའི་མདུད་པ་དམ་པོ་དེ།།

ཞེན་མེད་ངང་དུ་ཇི་ལྟར་གྲོལ།།

རྩོལ་མེད་ལྷུན་གྲུབ་དགོངས་པ་འདི།།

རྩོལ་མེད་ངང་དུ་མ་བཞག་ན།།

བློ་བྱས་རྩོལ་སྒྲུབ་རྦ་རླབས་འདི།།

སྟོང་ཆེན་ངང་དུ་ཇི་ལྟར་ཡལ།།

བཟང་དང་ངན་པའི་ཕྱོགས་གང་ཡང་།།

འཛིན་ཆགས་ཞེན་གསུམ་དབང་ཤོར་ན།།

རྣམ་པར་གྲོལ་བའི་ས་ཆེན་ཉིད།།

ཐོབ་པའི་བདེར་གཤེགས་འབྱུང་མི་སྲིད།།

ཐེག་པ་དགུ་ལ་དྲང་ངེས་གཉིས།།

དྲང་དོན་ཐེག་པ་རིམ་བརྒྱད་ཡིན།།

ངེས་དོན་ཡང་རྩེ་བླ་མེད་ཡིན།།

ཚུལ་འདི་ངེས་པར་ཤེས་ན་ལེགས།།

ངེས་དོན་གཅིག་དང་དྲང་དོན་བརྒྱད།།

འདི་ཡི་རྣམ་བཞག་ལེགས་ཤེས་ན།།

ཐེག་མཆོག་འདི་ཡི་ཟབ་གནད་རྣམས།།

བདེ་བླག་ཉིད་དུ་རྟོགས་པར་འགྱུར།།

འོག་མའི་ལྟ་བར་ཞེན་དྲག་ན།།

དེ་ནི་རྫོགས་ཆེན་སྣོད་མི་རུང་།།

ཡོད་ཚད་བློ་ཡིས་བཞག་དགོས་ན།།

རིག་པའི་རྒྱལ་པོའི་གཤིས་དང་འགལ།།

གསལ་སྟོང་འཇོག་ཚུལ་མ་ཤེས་ན།།

འོག་མའི་གཞུང་དང་འདྲེས་ཉེན་ཆེ།།

གསལ་སྟོང་ཚུལ་བཞིན་འཇོག་འདོད་ན།།

གཏན་ཚིགས་གལ་མདོའི་གཞུང་ལ་ལྟོས།།

རྟོག་པས་རྟོག་པ་འཚོལ་བ་དང་།།

བློ་ཡིས་གནས་ལུགས་འཚོལ་བ་དང་།།

དཔྱད་པས་གྲུབ་དོན་འཚོལ་བ་ཀུན།།

རང་གྲོལ་གནད་འདི་མ་ཤེས་སྐྱོན།།

བློ་ཡིས་བཞག་པའི་སྟོང་པ་དེ།།

ཤེས་བྱའི་གཤིས་སུ་རློམས་པ་ནི།།

བོང་བ་གསེར་དུ་རློམས་པ་དང་།།

ར་གན་གསེར་དུ་འཛིན་དང་མཚུངས།།

སྟོང་པ་རང་གསལ་མ་ཤེས་ན།།

གསལ་བ་འཇོག་པའི་ཚུལ་མི་ཤེས།།

གསལ་བ་བློ་རུ་ཞེན་པ་ནི།།

རྫོགས་ཆེན་དྲི་ཙམ་མ་གོས་རྟགས།།

དབང་ལུང་ཁྲིད་གསུམ་མེད་ནའང་།།

ཕོ་ཚོད་གོ་བ་གཅིག་པུ་ཡིས།།

སྔགས་སེམས་གཞུང་ལ་ལྟ་བ་དེ།།

བཀའ་ལ་ར་ཆོད་བྱས་པའི་རྟགས།།

མདོ་སྔགས་རྫོགས་གསུམ་གཞུང་ཆེན་རྣམས།།

བག་ཐུག་བཞིན་དུ་ཕན་ཚུན་བསྲེས།།

ཤན་འབྱེད་མ་ཤེས་ཁྱད་མེད་སྨྲ།།

འདི་ཡང་བརྡར་ཤ་མ་ཆོད་སྐྱོན།།

རིགས་པ་བཞི་ཡི་རྣམ་བཞག་དེ།།

མ་ཤེས་ཡོད་ཚད་བྱ་བྱེད་དང་།།

ལྟོས་ཤེས་འཐད་སྒྲུབ་རིགས་པ་ལ།།

གཙིགས་སུ་འཛིན་པ་བླུན་པོའི་ལུགས།།

གསལ་བ་དངོས་པོར་ཞེན་པ་དང་།།

གསལ་བ་འདུས་བྱས་ཞེན་པ་དང་།།

གསལ་བ་ཡུལ་ཅན་དུ་ཞེན་པ།།

འདི་རྣམས་འོག་མའི་ཤན་ཞུགས་རྟགས།།

གང་ལ་སྦྱངས་པ་ཤུགས་ཆེ་ན།།

དེ་ལ་དེ་ཡིས་ཤན་ཡང་ཞུགས།།

ལོ་མང་མདོ་ལ་སྦྱངས་པ་ན།།

དེ་ཡི་བག་ཆགས་ཐུག་ཀྱང་སྲིད།།

མདོ་སྔགས་སེམས་གསུམ་གཞུང་གང་ཡང་།།

རང་གི་རང་གཞུང་འཁྲུལ་མེད་ཤོད།།

ཕན་ཚུན་གཅིག་ལ་གཅིག་བསྲེས་ན།།

དོན་གྱི་རོ་བཅུད་ཉམས་པར་འགྱུར།།

རྫོགས་ཆེན་སྒོ་རུ་འཇུག་འདོད་ན།།

དང་པོ་བླ་མ་སྤྱི་བོར་བཀུར།།

གཉིས་པ་དབང་ལུང་ཁྲིད་གསུམ་ཞུས།།

གསུམ་པ་དམ་ཚིག་ཚུལ་བཞིན་སྲུང་།།

དབང་ལུང་ཁྲིད་གསུམ་ཐོབ་པའི་རྗེས།།

དེ་ནས་རང་གྲོལ་གཞུང་ལ་ལྟོས།།

དེ་རྗེས་ཉམས་ལེན་གནད་དུ་བསྣུན།།

ཚུལ་མཐུན་བྱེད་ན་དེ་འདྲ་དགོས།།

བསྟན་པ་འདི་ལ་རྒོལ་འདོད་ནས།།

འདི་ཡི་གཞུང་ལ་བལྟས་བྱས་ནས།།

འདི་ལ་གཤེ་སྐུར་བཏབ་པ་དེ།།

མནར་མེད་དམྱལ་བའི་རྒྱུ་རུ་འགྱུར།།

བསྟན་པ་འདི་ལ་རབ་དད་ནས།།

ཚེ་དང་སྒྲུབ་པ་མཉམ་བྱས་ཏེ།།

དཀའ་སྤྱད་འཕྲང་ནས་བཤར་ནུས་ན།།

ཕུང་པོ་ལྷག་མེད་དེངས་པར་ངེས།།

ངོ་བོ་སྟོང་པས་རྟག་མཐའ་བྲལ།།

རང་བཞིན་གསལ་བས་ཆད་མཐའ་བྲལ།།

ཟུང་དུ་འཇུག་པས་གཉིས་མཐའ་བྲལ། 

སྐུ་གསུམ་དགོངས་པ་འདི་ཀ་རང་།།

དཔེར་ན་ཆུ་ཉིད་མ་རྙོག་ན།།

རང་དྭངས་ཉིད་དུ་འགྲོ་བ་བཞིན།།

དེ་བཞིན་རང་ལུགས་འཇོག་པའི་གནད།།

ཤེས་ན་རང་དྭངས་མི་འགྲོ་ཅི།།

ནམ་མཁས་རྩོལ་བ་མ་བྱས་ཀྱང་།།

སྤྲིན་པ་རང་སངས་འགྲོ་བ་ལྟར།།

དེ་བཞིན་རྒྱ་ཡན་བོར་ཤེས་ན།།

རང་སངས་མི་འགྲོ་གང་དུ་ལུས།།

བར་སྣང་བྱ་ནི་འཕུར་བའི་ཚེ།།

རྗེས་ཤུལ་རྟེན་ནི་མ་གྲུབ་ལྟར།།

དེ་བཞིན་རྩ་བྲལ་སྟོང་པའི་གནད།།

ཤེས་ན་ཤུལ་ཞིག་གང་དུ་ལྷག།

སྒོམ་བསྲན་ཆེན་པོ་རྒྱལ་གཤེན་བཞིན།།

ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ཚུལ།།

ཚེ་དང་སྒྲུབ་པ་མཉམ་ནུས་ན།།

གྲོལ་བར་མི་འགྱུར་གང་ན་ཐོགས།།

ཀ་དག་ཁྲེགས་ཆོད་ཉམས་ལེན་འདི།།

ཁ་ནས་བཤད་པ་ཙམ་མིན་པར།།

ཉམས་སུ་བཞེས་ནས་སྒོར་འཇུག་ན།།

གོལ་ས་གཅིག་ཆར་མི་ཆོད་ཅི།།

ལྷུན་གྲུབ་ཐོད་རྒལ་ཉམས་ལེན་འདི།།

སྙིང་རུས་དྲག་པོས་ཁུར་བཞེས་ན།།

སྣང་ལུས་སེམས་དང་གསུམ་པོ་འདི།།

འཕོ་ཆེན་ངང་དུ་མི་དེངས་ཅི།།

རྫོགས་ཆེན་འཁྲུལ་མེད་ཤེས་འདོད་ན།།

གཞུང་ཆེན་བཞི་ལ་ཐུགས་དམ་མཛོད།།

གྲུབ་ཆེན་གོང་མའི་གསུང་ལ་ལྟོས།།

ལི་ཤུ་དྲན་པའི་ཕ་འབབ་ལོངས།།

སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མིང་པས།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow