གཡུང་དྲུང་བོན་གྱི་དྲྭ་རྒྱ།

ས་གནས་བོན་གཞིས་སུ་ལོ་༡༥-༡༨བར་གྱི་གཞོན་སྐྱེས་རྣམས་ལ་ཏོག་དབྱིབས་འགོག་ཁབ་དང་པོ་བསྐྱོན་ཚར་ཡོད་པའི་གནས་བསྡུས།

ཁ་སང་སྟེ་ཕྱི་ལོ་༢༠༢༢ལོའི་ཟླ་༡ཚེས་༤ཉིན་བོན་གཞིས་སུ་ལོ་ན་༡༥ནས་༡༨ལ་སོན་པའི་གཞོན་སྐྱེས་རྣམས་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཁབ་དང་པོ་བསྐྱོན་ཚར་ཡོད་པ་དང་།

དེང་ཏོག་དབྱིབས་རིམས་ནད་ངོ་བོ་གཞན་འགྱུར་ཅན་གྱི་ནད་པའི་གྲངས་འབོར་ཉིན་ལྟར་འཕར་སྣོན་བྱེད་བཞིན་ཡོད་པའི་སྐབས་འདིར། རྒྱ་གར་དབུས་གཞུང་ནས་རང་ལོ་15ནས་18སོན་པའི་ལོ་གཞོན་དག་ལ་འགོས་ཉེན་ཡོད་པར་དམིགས་ནས། གང་མགྱོགས་ངང་འགོག་ཁབ་བསྐྱོན་ཐུབ་པའི་བྱེད་ཐབས་སྤྱད་ནས། སྔོན་ལྟར་ས་གནས་སོ་སོར་འགོག་ཁབ་བསྐྱོན་སའི་ས་ཚུགས་གཏན་འབེབས་བྱས་ཡོད་པ་དག་ཏུ་སྨན་པ་བགོ་འགྲེམ་གྱིས་འགོག་ཐུབ་བསྐྱོན་ཡོད་ཅིང་།

རང་གནས་ས་གནས་བོན་གཞིས་ལ་མཚོན་ནའང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གྲྭ་བཙུན་ལོ་གཞོན་རང་ལོ་༡༥-༡༨བར་དང་། དེ་བཞིན་བཙུན་དགོན་རདྣ་སྨན་གླིང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གཞི་རིམ་འཛིན་གྲྭ། གཞིས་ཆགས། བོན་ཕྲུག་བདེ་དོན། བོན་བུ་ཁྱིམ་ཁང་བཅས་ཀྱི་མི་གྲངས་116ལ་སྔོན་འགོག་གི་ཁབ་དང་པོ་བསྐྱོན་ཚར་ཡོད་པ་བཅས་ཀྱི་གནས་བསྡུས་སུ།