གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད།

༡ རྨད་བྱུང་བསླབ་གསུམ་རིན་ཆེན་ས་གཞིའི་དབུས། །

ཐོས་བསམ་སྒོམ་པའི་གསེར་གྱི་ལྷུན་པོ་འཕགས། །

ཕྲིན་ལས་རྣམ་བཞིའི་དཔག་བསམ་རྒྱས་པའི་རྩེར། །

མི་ནུབ་བསྟན་པའི་རྒྱལ་མཚན་བསྒྲེང་དེར་འདུད། །

༢ ཟླ༵་མེད་ཡང་དག་རིག་པའི་དོན་གནས་བསིལ་ཟེར་འཛུམ་པའི་འོད་རླབས་ཀྱིས། །

མཐོང་བ༵་དོན་ལྡན་ཕས་རྒོལ་ལོག་སྨྲའི་རྒྱུ་སྐར་ཚོགས་རྣམས་གནོན་མཛད་པ། །

རྒྱལ༵་ཀུན་མཆོག་གསུམ་མ་ལུས་འདུས་ཞལ་བསྟན་པའི་ཀུ་མུད་རྒྱས་པའི་གཉེན། །

མཚ༵ན་ལྡན་བླ་མ་སྣང་སྟོན་ཆེན་པོ་སྲིད་ཞུའི་གཙུག་ཏུ་ལན་བརྒྱར་བསྟོད། །

༣ མདོ་སྔགས་རྫོགས་པའི་གཞུང་དོན་མ་ལུས་པ། །

བློ་གྲོས་ཡངས་པའི་སྣོད་དུ་ཡོངས་རྫོགས་རྗེ། །

ཐོགས་མེད་སྙན་པ་གངས་རིའི་མངོན་མཐོ་བ། །

སྐྱབས་མགོན་སྨྲ་བའི་སེང་ཆེན་རབ་ཏུ་བསྟོད། །

༤ འགྱུར་མེད་གཡུང༵་དྲུང༵་མཚན་དཔེའི་སྐུ་ནི་ངུར་སྨྲིག་གིས་བཀླུབས་གསེར་གྱི་ལྷུན་པོའི་དཔལ་ལས་བརྗིད། །

འགག་མེད་རབ་སྙན་ཚངས་པའི་གསུང་ནི་འཕྲུལ་ངག་བདེན་སྟོན་དཔག་མེད་རྒྱ་མཚོའི་གཏིང་ལྟར་ཟབ། །

སྒྲིབ་བྲལ་ཚད་མེད་བྱམས་བརྩེའི་ཐུགས་ནི་མཁྱེན་པའི་རྩལ་མངའ་མཐའ་མེད་མཁའ་ལྟར་སྤྲོས་དང་བྲལ། །

གསང་གསུམ་བསྟན༵་འཛིན༵་ཡོན་ཏན་ལྷུན་གྲུབ་སྐྱབས་ཀྱི་དམ་པ་སྣང་སྟོན་བླ་མའི་ཞབས་ལ་འདུད། །

༥ བསྟན་འགྲོའི་བསོ༵ད་ནམ༵ས་དཔལ་ལས་སྨིན་པའི་སྐུ། །

འགྲོ་བའི་མིག་གཅིག་ཐར་འདོད་ཡོངས་ཀྱི་མགོན། །

རྒྱལ༵་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །

མཚ༵ན་ལྡན་བླ་མ་དུས་ཀུན་སྙིང་དབུས་རོལ། །

རབ་འབྱམས་ཤེས་བྱའི་གནས་ཀུན་མ་ལུས་མཁྱེན་རབ་རླབས་ཀྱིས་ཡུད་ཙམ་བརྒལ། །

རིམ་གཉིས་བསྐྱེད་རྫོགས་གྲུབ་པའི་གཤེཌ་ལམ་ཏིང་འཛིན་འཕྲུལ་གྱིས་གང་བདེར་བགྲོད། །

གསང་གསུམ་ལུང་རྟོགས་བོན་གྱི་མཛོད་འཆང་སྨྲ་བའི་ཉི་མ་ཁྱེད་མཐོང་ཚེ། །

ཚུལ་འཆོས་སྐར་འོད་ངོ་མཚར་སྣང་བའི་སེམས་ཀྱི་དྲན་རྟོག་དབྱིངས་སུ་ཡལ། །

༧ རྒྱུ་སྐར་བདག་པོ་འཛུམ་ཚེ་ཀུ་མུད་ད། །

རྩོལ་མེད་རང་འབྱུང་ཞལ་ཁ་བཞད་པ་ལྟར། །

ཉིད་ཀྱི་རྣམ་ཐར་ཐོས་འཛིན་སིམ་པའི་མོད། །

མི་ཕྱེད་སྒོ་གསུམ་དད་པའི་འདབ་རྒྱ་གྲོལ། །

༨ བསམ་གྱིས་མི་ཁྱབ་གསང་གསུམ་ཡེ་ཤེས་གཏེར། །

སྒོ་གསུམ་པདྨོར་བཀོད་པའི་འོད་ཟེར་གྱིས། །

སྐལ་ལྡན་ཡིད་ལ་དགའ་སྟོན་འགྱེད་ནུས་པའི། །

ངོ་མཚར་དགེ་བའི་སྤོབས་པ་ཅུང་ཙམ་ཐོབ། །

༩ འོན་ཀྱང་དཔག་ཡས་དམ་པའི་ཡོན་ཏན་ནི། །

རྒྱལ་བས་བརྗོད་ཀྱང་ཡོངས་སུ་རྫོགས་མིན་ན། །

ཐ་མའི་སོ་སྐྱེ་བླུན་རྨོངས་བདག་ལྟ་བུས། །

ཆ་ཤས་ཙམ་ལས་རྫོགས་པར་ག་ལ་སྤོབས། །

༡༠ དེའི་ཕྱིར་བས་ན་ཤེས་རབ་གསུང་གི་ལྷ། །

ཚུལ་འབྱོན་མགྲིན་པའི་ལམ་ལ་རབ་ཞུགས་ཏེ། །

ཚིག་གི་བུམ་པར་དོན་གྱི་བཅུད་ལྡན་པའི། །

ཤེས་རབ་རིག་པའི་དངོས་གྲུབ་ད་སྩོལ་ཅིག 

༡༡ དང་པོ་བསྟན་པ་གསལ་བར་མཛད་ཕྱིར་དུ། །

གསང་གསུམ་གཉིས་སྣང་སྤྲུལ་པ་གང་མཛད་ཀྱང་། །

དོན་དམ་ངོ་བོ་ཡོངས་སུ་མ་འགྱུར་བ། །

གཅིག་སྡུད་དམ་པ་ཉིད་ཀྱི་མཛད་པ་ལགས། །

༡༢ ཐོག་མར་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་། །

ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་ཞེས། །

རང་བྱུང་སྐྱེ་བ་མེད་པའི་ངང་ཉིད་ཅན། །

མེད་པ་ལྔ་ལྡན་བླ་མ་བོན་གྱི་སྐུ། །

༡༣ འོག་མིན་འདའ་བ་མེད་པའི་ཕོ་བྲང་དུ། །

ལྷུན་གྲུབ་གཡོ་བ་མེད་པའི་ངང་ཉིད་ཅན། །

ཐུགས་རྗེའི་སྟོན་པ་ཀུན་བཟང་གཤེན་ལྷ་ཞེས། །

ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །

༡༤ བར་ལྷ་འོད་གསལ་ལྷ་ཡུལ་ཞིང་ཁམས་དེར། །

ཡེ་ཤེས་འོད་གསལ་ཆེན་པོའི་ངང་ཉིད་ཅན། །

རིག་པའི་སྟོན་པ་ཚད་མེད་འོད་ལྡན་ཞེས། །

འོད་ཀྱི་མི་བོ་གཡུང་དྲུང་སྐུ་མཉེན་མཆོག །

༡༥ རབ་བརྗིད་ལྷུན་ཆགས་གསེར་གྱི་རི་བོ་ལ། །

ཉིན་བྱེད་བྱེ་བ་འབུམ་གྱིས་འཁྱུད་པའི་མདངས། །

མཛེས་བརྗིད་དམར་སེར་འོད་ཕུང་ལྷམ་མེ་བ། །

རབ་འབྱམས་རྒྱ་མཚོའི་སྐུ་མངའ་སྨྲ་བའི་སེང་། །

༡༦ ལེཌ་པའི་ཡོན་ཏན་ཀུན་འབྱུང་མཁྱེན་བརྩེའི་གཏེར། །

བཅུ་གཉིས་མཛད་པས་གདུལ་བྱ་ཁ་ལོ་བསྒྱུར། །

བརྒྱད་ཁྲི་བཞི་སྟོང་ལུང་རྟོགས་བསྟན་པའི་བདག །

རྒྱལ་ཀུན་ཐུ་བོ་རྣམ་འདྲེན་དམུ་སྲས་རྒྱལ། །

༡༧ ཚད་མེད་ཡངས་པ་ཅན་གྱི་གནས་མཆོག་ན། །

རང་རིག་རང་ཤར་སྒྲིབ་མེད་ངང་ཉིད་ཅན། །

མན་ངག་ཉམས་དང་རྟོགས་པ་ལྡན་པའི་གཤེན། །

ལྷ་བོན་ཁྱབ་པ་སྣང་ལྡན་སྤྲུལ་པའི་སྐུ། །

༡༨ དུས་གསུམ་གཤེན་རབ་རྣམས་ཀྱི་ཐུགས་ཀྱི་སྲས། །

སྟོན་པའི་བཀའ་བསྡུ་བོན་འཁོར་ཞུ་བའི་མཆོག །

གཤེན་གྱི་རྒྱལ་ཚབ་གསུང་སྲས་ཡོངས་ཀྱི་གཙོ། ། 

རྒྱུན་ཞུགས་འབྲས་ཐོབ་ཚངས་པ་གཙུག་ཕུད་ཞེས། །

༡༩ རྨད་བྱུང་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས་པའི་སྐུ། །

སྐུ་མཆོག་ཡོན་ཏན་རིན་ཆེན་བརྒྱན་པའི་དཔལ། །

འཛམ་གླིང་མཁས་པ་ཀུན་གྱི་གཙུག་རྒྱན་མཆོག །

དཔོན་གསས་ཆེན་པོ་སྟོང་རྒྱུང་མཐུ་ཆེན་ཞེས། །

༢༠ རྨད་བྱུང་ཆེན་པོ་ཡོན་ཏན་བྱེ་བས་བརྒྱན། །

ཇི་ལྟ་ཇི་སྙེད་མཁྱེན་པའི་རྩལ་རྣམས་རྫོགས། །

ལུང་དང་རིག་པས་ལོག་སྨྲའི་དཔུང་ཚོཌ་འཇོམས། 

སྨྲ་བའི་སེང་གེ་བླ་ཆེན་དྲན་པ་ཞེས། །

༢༡ འདུས་པ་ཀུན་གྱི་དབུས་ན་རབ་མཛེས་ཤིང་། །

རྨད་བྱུང་མདོ་སྔགས་རྫོགས་པའི་དཔལ་དང་ལྡན། །

མི་ཐུབ་ཀུན་ལས་རྒྱལ་བའི་ཡོན་ཏན་མངའ། །

སྤ་སྒོམ་གྲུབ་ཐོབ་ཅི་ཕྲོམ་དཀར་པོ་ཞེས། །

༢༢ ལ་སྟོད་བམ་པ་བྱ་བ་དབེན་པའི་གནས། །

གྲུབ་པའི་རྩལ་རྫོཌ་ཐུགས་དགོངས་མཁའ་ལྟར་དག །

སྐུ་ལུས་མ་བོར་འཇའ་འོད་དབྱིངས་སུ་དེངས། །

གྲུབ་བརྙེས་རིག་འཛིན་གྱེར་མི་ཉི་འོད་ཞེས།

༢༣ མདོ་སྨད་རྨ་རི་དེལ་གསུམ་དབེན་གནས་སུ།  

འཁོར་བའི་འདུ་འཛི་མ་ལུས་སྤངས་པའི་གཤེན། །

བསྟན་པའི་སྲོལ་འཛིན་ཕྱི་དར་འདུལ་བའི་རྒྱན། །

འདུལ་འཛིན་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ཞེས། །

༢༤ ཡར་འབྲོག་སྟག་ལུང་དར་མ་རི་ཡི་གནས། །

མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི། །

ལུང་རྟོགས་བོན་བསྟན་ཐམས་ཅད་འཕེལ་མཛད་པ། །

ཀུན་མཁྱེན་མེ་སྟོན་ཤེས་རབ་འོད་ཟེར་ཞེས། །

༢༥  ཡར་ལྷ་ཤམ་པོ་གངས་ཀྱི་སྒྲུབ་གནས་སུ། །

རྒྱུད་སྡེ་གསུམ་ལ་ཐོས་བསམ་རང་དབང་བྱང་། །

ཡི་དམ་ཞལ་གཟིགས་གྲུབ་རྟགས་དཔག་མེད་མངའ། །

མཉམ་མེད་སུམ་ལྡན་གཡོར་པོ་མེ་དཔལ་ཞེས། །

༢༦ གཡས་རུ་བཀྲ་ཤིས་བདེ་སྒང་དབེན་པའི་གནས། །

མཁྱེན་པས་དུས་གསུམ་མ་སྒྲིབ་ས་ལེར་གཟིགས། །

བརྩེ་བས་ཁམས་གསུམ་མ་ལུས་བདེ་ལ་བཀོད།

ཟླ་མེད་འགྲོ་མགོན་བློ་གྲོས་རྒྱལ་མཚན་ཞེས། །

༢༧ སྣང་སྲིད་འཁོར་འདས་མ་སྒྲིབ་ས་ལེར་མཁྱེན། །

སྒོམ་པས་རང་འབྱུང་ཡེ་ཤེས་ལྷག་གིས་ཤར། །

ཀུན་བཟང་ཞལ་གཟིཌ་རྫུ་འཕྲུལ་བསམ་ལས་འདས།

མཁས་གྲུབ་བྲུ་སྟོན་བསོད་ནམ་རྒྱལ་མཚན་ཞེས། །

༢༨ རྒྱལ་གསུངས་མདོ་འབུམ་རྒྱུད་མཛོད་དཀའ་གནད་ལ། །

འབྲེལ་དང་ཆ་ལག་མདོ་སྔགས་སྙིང་བོའི་བཅུད། །

རྟོགས་དཀའི་གནད་རྣམས་མ་ལུས་བཀྲོལ་བའི་ཕྱིར། །

བསྟན་དོན་བྱོན་པས་མཉམ་མེད་བླ་མ་ཞེས། །

༢༩ གནས་ལུཌ་དོན་རྟོཌ་སངས་རྒྱས་དགོངས་པ་བསྙེམས། །

མཁྱེན་པའི་ཡེ་ཤེས་སྒྲིབ་མེད་ཐུགས་ལ་གསལ། །

འབྱུང་ལྔ་དབང་སྡུད་མི་མིན་ཟིལ་གྱིས་གནོན། །

གྲུབ་པའི་རྣལ་འབྱོར་བྱ་བཏང་ཆེན་པོ་ཞེས། །

༣༠ སྒྲིབ་གཉིས་གནས་དག་ས་ལམ་ཡོན་ཏན་རྫོགས། །

ས་བཅུ་ཟིལ་གནོན་རིག་འཛིན་ས་རུ་བསྙེམས། །

སྡེ་སྣོད་ཐུགས་ཆུད་སངས་རྒྱས་མངོན་དུ་གྱུར། །

རྣལ་འབྱོར་པཎ་ཙ་རྒྱལ་བ་འོད་ཟེར་ཞེས། །

༣༡ གངས་ཅན་ལྗོངས་སུ་ཐམས་ཅད་མཁྱེན་པའི་དཔལ། །

མཚམས་སྤྲིན་ལ་འགྲན་ངུར་སྨྲིག་གསར་པ་ཡི།

ལུཌ་གཉིས་རྒྱལ་མཚན་འཛིན་པ་གངས་རིའི་རྒྱན། །

གོང་ས་འགྲོ་འདྲེན་རྒྱལ་དབང་ལྔ་ཡི་མཚན། །

༣༢  དེ་ཉིད་བསྟན་དང་འགྲོ་བའི་དོན་ཕྱིར་དུ། །

དུས་གསུམ་གདུལ་བྱ་གང་ལ་གང་འདུལ་གྱི། །

ཚད་མེད་ཐུགས་རྗེ་དེ་ལ་དེར་སྟོན་པ། །

རྨད་བྱུང་མཁས་བཙུན་བཟང་པོས་ཟློས་གར་སྒྱུར། །

༣༣ གཟིགས་པས་ཡུལ་ཆེན་བཅོ་བརྒྱད་ཡུལ་གྱི་སྙིང་། །

བོད་ཡུལ་མདོ་ཁམས་སྒང་དྲུག་ས་ཡི་ཆར། །

ཨ་མདོའི་བྱེ་བྲག་ཟིང་ཆུ་ཁྲི་སྐྱང་ཞེས། །

ངོ་མཚར་ཁྱད་འཕཌ་དགེ་བཅུ་ཚང་བའི་གནས། །

༣༤ འོད་གསལ་ལྷ་བབས་མཁའ་འགྱིང་གཉན་གྱི་གདུང་། །

བླ་ཆེན་དྲན་པ་སེ་ནེ་གའུའི་སྤྲུལ། །

དགྲ་བཅོམ་ཐུགས་སྲས་ཐང་མ་འོད་རྒྱལ་གྱིས། །

བྱིན་རླབས་རིགས་རྒྱུད་སྣང་ཞིག་ཅེས་པ་ཡི། །

༣༥ འགྲོ་བའི་རྣམ་འདྲེན་རིགས་རུས་ཁྱད་པར་ཅན། །

དོ་འཕགས་གདུང་གྲོལ་སྣང་ཞིག་ནོར་བུ་དང་། །

སྐྱུར་རིགས་གཉིས་ཀྱི་སྲས་སུ་མེ་འབྲུག་ལོར། །

དགེ་མཚན་རྟགས་དང་བཅས་ཏེ་སྐུ་མཆོག་བལྟམས། །

༣༦ འཁྲུངས་ཚེ་ནམ་མཁའ་བར་སྣང་འཇའ་འོད་དང་། །

ས་གཞི་མེ་ཏོག་སྣ་ཚོགས་སྐྱེས་པ་དང་། །

གཡུ་འབྲུག་དལ་གྱིས་ལྡིང་དང་རྔ་གཤང་སོགས། །

ཀུན་གྱིས་མཐོང་བ་ངོ་མཚར་ཆེ་བར་གླེང་། །

༣༧ ཆུང་ནས་དད་བརྩོན་ལྡན་ཞིང་ཉོན་མོངས་ཆུང་། །

ཤེས་རབ་རྣམ་དཔྱོད་ཆེ་ཞིང་ཞི་དུལ་ལྡན། །

བདེ་གཤེགས་སྙིང་བོ་མ་བསླབ་རང་བརྡོལ་མཁྱེན། །

སྐྱེ་བ་མང་བོ་མ་སྒྲིབ་ས་ལེར་གསལ། །

༣༨ བདེ་གཤེགས་རྣམ་སྤྲུལ་འགྲོ་དོན་བྱོན་པའི་ཕྱིར། །

སྐབས་འགར་ལྷ་སྲས་གྲལ་དུ་རྩེད་མོ་རོལ། །

ལེན་རེར་ཀླུ་བདུད་དམ་བཏགས་བསྟན་བསྲུང་བསྐོས། །

གྲུབ་པའི་རྩལ་གྱིས་ཞབས་རྗེས་རྡོ་ལ་བཞག །

༣༩ མ་འོངས་བསྟན་པའི་བདག་པོ་འགྱུར་བའི་བརྡ། །

ཉི་ཟླའི་སྟེང་དུ་བཞུགས་པའི་ཉམས་སྣང་དང་། །

བདེ་གཤེཌ་མཆོད་རྟེན་ཉམས་གསོ་མཛད་པ་སོགས། །

དགོངས་ལམ་དང་ནི་ཉམས་སྣང་ཁྱད་དུ་འཕགས། །

༤༠ དགུང་ལོ་བདུན་བཞེས་ཡབ་ཀྱི་མདུན་སར་དང་། །

དེ་བཞིན་སློབ་དཔོན་རིན་ཆེན་མདུན་ས་རུ། །

བོན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་རྣམས། །

ཕྱོགས་ཙམ་གསན་པས་ཚེཌ་མེད་ལེགས་པར་མཁྱེན། །

༤༡ དགུང་ལོ་བཅུ་གསུམ་རྔ་ཡུལ་བསྟན་པའི་སྡེ། །

སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་དགོན་དུ། །

མཁས་གྲུབ་ཁུ་བོ་ཤེས་རབ་བློ་གྲོས་མདུན། །

ཐར་པའི་གཞི་རྟེན་བོན་མཆོག་ལེན་དུ་ཕེབས། །

༤༢ དེ་ཕྱིར་ཁུ་བོའི་ཉམས་དང་དགོངས་ལམ་ལ། །

ཉ་གང་ཟླ་བའི་དཀྱིལ་འཁོར་གསལ་བ་དང་། །

སྐར་ཚོགས་རང་བཞིན་ཟིལ་གྱིས་མནན་པ་སོགས། 

བསྟན་དོན་རྒྱས་པའི་རྟེན་འབྲེལ་རང་འགྲིག་བྱུང་། །

༤༣ དེ་ནས་ཁུ་བོ་ཤེས་རབ་བློ་གྲོས་མདུན། །

ཐར་པའི་གཞི་བརྟན་གཙང་མ་གཙུག་ཕུད་སོགས། །

ཞུས་ཏེ་ཚུལ་མཚན་གཡུང་དྲུང་བསྟན་འཛིན་གསོལ། །

ཚུལ་དང་ཁྲིམས་རྣམས་མིག་འབྲས་བཞིན་དུ་བསྲུངས། །

༤༤ དེ་ནས་ལོ་གསུམ་དམ་པ་དེ་ཉིད་མདུན། །

སྨིན་བྱེད་བོན་སྤྱོད་སྔོན་འགྲོའི་བསགས་སྦྱང་དང་། །

སྨིན་པ་གྲོལ་བྱེད་དངོས་གཞིའི་གདམས་པ་སོགས། །

དབང་ལུང་མན་ངག་བུམ་པ་གང་བྱོས་ཞུས། །

༤༥ དེ་བཞིན་ཨ་དཀར་བཅུད་ལེན་སྔགས་མཚམས་དང་། །

འོད་གསལ་འཁྲུལ་འཁོར་རླུང་སེམས་བསྡུད་རིམ་སོགས། །

ཨ་སྙན་རྫོགས་གསུམ་མན་ངག་ཟབ་གདམས་གནད། །

སྦྱངས་པའི་རྟགས་ཐོན་ཉམས་རྟོགས་རྒྱུད་ལ་སྐྱེས། །

༤༦ རེ་ཞིག་མདོ་ཁམས་བྲག་དཀར་བྱ་རྒོད་གནས། །

མཁས་གྲུབ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མདུན། །

བརྡ་དག་སྙན་ངག་དཀར་ནག་རྩིས་ཀྱི་གཞུང་། །

རིག་གནས་ཀུན་ལ་སྦྱངས་པ་ཕུལ་ཕྱིན་མཛད། །

༤༧ དེ་བཞིན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་། །

རྩ་རླུང་ཐིག་གསུམ་མན་ངག་ཆོག་ཁྲིད་མནོས། །

གསང་གསུམ་ཡི་དམ་བོན་སྐྱོང་གསེར་ཐིགས་བཅས། །

དབང་ལུང་མན་ངག་བུམ་པ་གང་བྱོ་ཐོབ། །

༤༨ གཞན་ཡང་སྣང་ཞིག་ཚུལ་ཁྲིམས་བསྟན་འཛིན་སོཌ། །

མཁས་གྲུབ་གཉིས་ལྡན་སྐྱེས་ཆེན་དམ་པའི་མདུན། །

མ་རྒྱུད་སྤྱི་འདུལ་རྣམ་ཀློང་ཚེ་སྒྲུབ་སོགས། །

དབང་ལུང་ཁྲིད་དང་མན་ངག་གང་མང་ཐོབ། །

༤༩ རེ་ཞིག་རྒྱ་ནག་གླང་ཆེན་འགྱིང་བའི་རིར། །

ཚེ་དབང་རིག་འཛིན་ཞལ་གཟིགས་བྱིན་རླབས་ཐོབ། །

བདེ་སྟོང་ཡེ་ཤེས་རིགས་པ་རྒྱུད་ལ་སྐྱེས། ། 

སྐྱེ་འཕྲེང་མང་པོ་མ་སྒྲིབ་ས་ལེ་གསལ། །

༥༠ དེ་ནས་དགུང་ལོ་བཅོ་བརྒྱད་བཞེས་ཙ་ནས། །

ཆིབས་རྟ་ཞབས་འཁོར་ཕྱག་རྫས་གསེར་དངུལ་གོས། །

རྡོག་སྒྲིག་འགའ་དང་བཀའ་ཤོག་ལམ་ཡིག་སོགས། །

བསྣམས་ནས་སྟོད་ཕྱོགས་དབུས་གཙང་གྲྭ་སར་ཕེབས། །

༥༡ ལམ་དུ་གཤེན་རབ་ཐུགས་ཀྱིས་སྤྲུལ་པའི་གནས། །

རིག་འཛིན་གོང་མས་བྱིན་གྱི་རླབས་པའི་ཞིང་། །

ཀོང་པོ་བོན་རིའི་རི་ཁྲོད་བླ་རྟེན་དང་། །

སྐུ་གསུང་ཐུགས་རྟེན་མ་ལུས་ཡོངས་སུ་མཇལ། །

༥༢ དེ་ནས་དབུས་གཞུང་ལྷ་ས་དག་པའི་ཞིང་། །

གོང་ས་རྣམ་འདྲེན་ལུང་རྟོགས་རྒྱ་མཚོ་མཆོག །

མཇལ་ཞུས་རྟེན་དོད་རིན་ཆེན་མཛོད་དར་དང་། །

ཞེ་ས་མཆོད་འབུལ་མཆོག་འབྲེལ་ཟབ་རྒྱས་གནང་། །

༥༣ རིམ་བཞིན་གཙང་ཡུལ་གཡས་རུ་བོན་གྱི་གནས། །

རྒྱལ་བ་གཉིས་པའི་ཕྲིན་ལས་ཤར་བའི་ཞིང་། །

མཁས་གྲུབ་གཉིས་ལྡན་འབུམ་ཕྲག་བྱོན་པའི་ས། །

དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་དུ་ཕེབས། །

༥༤ མཁན་མཆོག་རིག་འཛིན་སྟོང་རྒྱུང་མངོན་བྱོན་པ། །

སྐུ་མདུན་མཁན་ཆེན་ཤེས་རབ་དགོངས་རྒྱལ་མདུན། །

ཐར་པའི་གཞི་བརྟན་རབ་བྱུང་སྡོམ་པ་ཞུས། །

མཚན་ལ་བསོད་ནམས་རྒྱལ་མཚན་ཞེས་སུ་གསོལ། །

༥༥ སྒྲིག་ཞུགས་གནང་ཚེ་གླིང་ཟུར་བབ་པ་དང་། །

སྔོན་ཚེ་རྒྱལ་བ་གཉིས་པ་དབེན་ས་ཁའི། །

གླིང་ཟུར་བབ་པའི་རྟེན་འབྲེལ་དང་མཉམ་པ། །

བཀྲ་ཤིས་དགེ་མཚན་མ་སྩལ་རང་འགྲིག་བྱུང་། །

༥༦ ཆོས་སྡེ་ཆེན་པོ་འབྲས་ཡུལ་སྐྱིད་ཚལ་དུ། །

ཕེབས་ནས་མཁན་པོ་སྐལ་བཟང་ཆོས་འཕེལ་མདུན། །

གཞན་གཞུང་བསྡུས་ཚད་འདུལ་མངོན་དབུ་སོགས་ཀྱི། །

རིག་གཞུང་ཀུན་ལ་སྦྱང་བརྩོན་ཚུལ་བཞིན་བྱས། །

༥༧ རྣམ་དཔྱོད་ཆེས་ཆེར་འབྱེད་ལ་ཟླ་བྲལ་བས། །

དཀའ་གནད་མདུད་རྒྱ་རིག་པའི་སོར་མོས་བཀྲོལ། །

སྒྲུབ་དང་སུན་འབྱིན་རྒོལ་བའི་ཚོགས་ལས་རྒྱལ། །

མཚན་སྙན་གྲགས་པ་མཁས་བརྒྱའི་གཙུག་ཏུ་འཕཌ། །

༥༨ བག་མེད་འདུ་འཛིའི་སྤྱོད་པ་ཡོངས་དོར་ཏེ། །

ཟས་སྐོམ་འཚོ་བ་ངན་ངོན་ཙམ་གྱིས་ནས། །

སྐབས་རེར་སྨྲ་སེང་འཇམ་དབྱངས་དབྱངས་ཅན་སོཌ། །

སྒྲུབ་པས་གྲུབ་པའི་མཚན་ལྟས་ལེགས་པ་བྱུང་། །

༥༩ རེ་ཞིག་མཁན་ཆེན་ཤེས་རབ་དགོངས་རྒྱལ་མདུན། །

བྲུ་སྒོམ་བླ་མའི་རིང་ལུགས་ཨ་ཁྲིད་ལྟར། །

གསང་བ་སེམས་ཕྱོགས་སྔོན་འགྲོ་དངོས་གཞི་བཅས། །

རྫོགས་པར་ཞུས་ཤིང་ཞག་བརྒྱར་ཉམས་ལེན་གནང་། །

༦༠ དགུང་ལོ་སུམ་ཅུར་ས་སྐྱའི་གཙུག་ལག་ཁང་། །

རབ་འབྱམས་དགེ་བའི་བཤེས་ཀྱི་མཚན་རྟཌ་བཞེས། །

མཁས་བཙུན་བཟང་གསུམ་སྙན་གྲཌ་དགུང་ལ་རེག །

མང་ཐོས་འདུས་སྡེའི་སྤྱི་བོའི་བླ་རུ་བཀུར། །

༦༡ ས་སྐྱ་གོང་མ་བདུད་འདུལ་རིན་པོ་ཆེས། །

གཙུག་ལག་མཁན་པོར་གནང་རྒྱུའི་ཐུཌ་འདུན་ལ། །

དགོངས་པས་ཁྲོལ་ཏེ་རིག་འཛིན་གོང་མ་ལྟར། །

ངེས་མེད་རི་ཁྲོད་འགྲིམ་པ་ཐུགས་ལ་བཅད། །

༦༢ དེ་ནས་སླར་ཡང་གདན་ས་སྨན་གྱི་རིར། །

མཁན་ཆེན་སྐུ་མདུན་བསོད་ནམས་བློ་གྲོས་དང་། །

དྲང་སྲོང་མཁན་སློབ་དཔོན་པོ་རྣམ་བཞིའི་མདུན། །

དག་པ་དྲང་སྲོང་ཁྲིམས་རྣམས་རྫོགས་པར་ཞུས། །

༦༣ ཡེ་ཤེས་མཁའ་འགྲོ་ཤེས་རབ་བློ་འཕེལ་མས། །

སྙན་རྒྱུད་གསང་མཚན་བོན་གྱི་སྐྱབས་མགོན་མཆོག །

སྣང་སྟོན་ཟླ་བ་རྒྱལ་མཚན་དཔལ་བཟང་པོ། །

གསོལ་ནས་འདུལ་འཛིན་རྒྱ་མཚོའི་རྒྱན་དུ་གྱུར། །

༦༤ སྔོན་ཚེ་གཤེན་གྱི་དཀའ་ཐུབ་མཛད་པ་ལྟར། །

ལོ་དགུའི་བར་དུ་ཉིན་རེ་གུང་ཚིགས་ཙམ། །

དེ་མིན་ཤ་ཆང་དུས་མིན་ཁ་ཟས་དང་། །

པགས་ཤུན་གོས་སོཌ་རྒྱན་རྣམས་སྤངས་པར་མཛད། །

༦༥ རྒྱལ་ཐེབ་བླ་མ་ཤེས་རབ་དགོངས་རྒྱལ་མདུན། །

ཕྱི་ནང་གསང་གསུམ་དབང་ལུང་མན་ངག་ཁྲིད། །

མ་ལུས་བུམ་པ་གང་བྱོ་ཚུལ་དུ་ཐོབ། །

ལག་ལེན་བཅད་རྒྱ་ཉམས་ལེན་ལོ་གསུམ་མཛད། །

༦༦ དེ་ནས་དགུང་ལོ་སོ་གསུམ་ས་བྱ་ལོར། །

བྱ་བྲལ་ཚུལ་མཛད་ངེས་མེད་རི་ཁྲོད་འགྲིམ། །

དཔོན་གསས་གོང་མས་བྱིན་གྱིས་བརླབས་པའི་གནས། །

ཞང་བོད་གནས་ཀུན་སྒོམ་སྒྲུབ་ཉམས་ལེན་གནང་། །

༦༧ ཁྱད་པར་གདན་ས་དར་ལྡིང་རི་རྒྱལ་རྩེར། །

དམུ་གཤེན་རྒྱལ་དབང་གཙུག་ཕུད་དབང་རྒྱལ་མདུན། །

མ་རྒྱུད་སངས་རྒྱས་རྒྱུད་གསུམ་དབང་ལུང་མནོས། །

གནས་དེར་དགུན་བཞུཌ་སྒོམ་སྒྲུབ་ཉམས་ལེན་མཛད། །

༦༨ དེ་ནས་འཛམ་གླིང་ཡུལ་དབུས་གནས་མཆོག་ཏེ། །

གངས་དཀར་ཏི་སེ་བསྐོར་བ་ལན་བརྒྱ་མཛད། །

གཉན་ས་ཟིན་པས་རོ་ལངས་བཏུལ་བ་དང་། །

མི་མིན་ལྷ་འདྲེའི་བར་ཆད་འདུལ་བར་མཛད། །

༦༩ དེ་ནས་གནས་མཆོག་བྱ་རི་གཙུག་ལྡན་དང་། །

རྟ་སྒོ་རྫུ་འཕྲུལ་ཕུག་སོགས་ལོ་འཁོར་འགར། །

ཨ་སྙན་རྫོགས་གསུམ་ཉམས་ལེན་བཅད་རྒྱར་དང་། །

ཡི་དམ་སྒྲུབ་པས་ལྷ་ཡི་ཞལ་ཡང་གཟིགས། །

༧༠ ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཚལ། །

ཉམས་ལེན་བསྐྱང་བས་དེ་ཚེ་བླ་ཆེན་དང་། །

ཚེ་དབང་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི། །

ཞལ་གཟིགས་མན་ངག་ལུང་བསྟན་དུ་མ་གནང་། །

༧༡ མ་པང་མཚོ་དང་སྤོས་རི་ངད་ལྡན་གནས། །

བྱེ་མ་གཡུང་དྲུང་ཆུ་མིག་བརྒྱ་རྩ་དང་། །

གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་ཡིས། །

བྱིན་རླབས་གནས་རི་བླ་རྟེན་ཡོངས་རྫོགས་མཇལ། །

༧༢ ཁྱད་པར་དཔོན་གསས་གོང་མ་བཞུཌ་པའི་གནས། །

ཨ་སུ་ར་ཡི་ཕུག་ཏུ་ཉམས་ལེན་གནང་། །

མཉམ་བཞག་ཀློང་ནས་ཏིང་འཛིན་རིག་རྩལ་གྱིས། །

ཉམས་རྟོཌ་རྒྱུད་སྐྱེས་འཁོར་འདས་ས་ལེར་གཟིཌ། །

༧༣ དེ་ཚེ་བླ་ཆེན་སྟོང་རྒྱུང་ཚེ་དབང་གིས། །

འགྲོ་དོན་མཛད་པར་སྦས་མངོན་ཐབས་མཁས་པ། །

དགོས་པའི་ལུང་བསྟན་ཡང་ནས་ཡང་བྱུང་བ། །

སྦས་པའི་ཚུལ་བཟུང་བྱ་དུར་གནས་སུ་བྱོན། །

༧༤ བྱ་དུར་ཨ་ལགས་ཚུལ་ཁྲིམས་གཡུང་དྲུང་ནས། །

མཁའ་འགྲོ་གསང་གཅོད་དྲུང་མུ་གཅོད་ཆེན་སོགས། །

དབང་ལུང་རྗེས་གནང་འོད་གསལ་བཅས་པ་ཐོབ། །

རྣམ་གཉིས་ལྷན་དུ་བདུན་ཞག་ལྔ་བཅུར་བཞུགས། །

༧༥ སྙན་རྫོཌ་འོད་གསལ་མུན་མཚམས་བཞུཌ་པའི་ཚེ། །

སྣང་སྟོན་བླ་མའི་ཉམས་དང་དགོངས་པ་ལས། །

སྣང་སྲིད་ཕྱི་ནང་མ་སྒྲིབ་ས་ལེར་གསལ། །

གྲུབ་པའི་རྟགས་སུ་ཕྱག་རྗེས་རྡོ་ལ་བཞག །

༧༦ དེ་ཚེ་བོན་སྐྱོང་ཞལ་གཟིགས་ཨ་བསེ་ཡིས། །

ངོ་མཚར་བདུད་རྩི་སེང་གེའི་འོ་མ་ཕུལ། །

སྲིད་པའི་ལྷ་ཆེན་འོད་ལྷ་རྒྱལ་བཟང་གིས། །

བསྟན་པ་དར་བའི་དུས་ལ་བབས་སོང་ཟེར། །

༧༧ སྐབས་དེར་ལྷ་མི་ལ་སོགས་འཁོར་རྣམས་ལ། །

ལྟ་སྒོམ་སྤྱོད་པའི་གནད་དབབ་ཉམས་མགུར་གྱི། །

ཤོག་དྲིལ་འགའ་ཡོད་ཕྱི་དུས་ལོག་ལྟ་ཅན། །

དམ་སྲིས་སྨད་པའི་རྐྱེན་བྱས་མེ་ལྷར་གསོལ། །

༧༨ དེ་ནས་ཡར་བྱོན་མཁས་བཞིའི་བཞུགས་པའི་གནས། །

མང་མཁར་ལྕགས་འཕྲང་ཕུག་ཏུ་བཅད་རྒྱར་མཛད། །

དེ་ཚེ་ཡི་དམ་རིག་འཛིན་མཁའ་འགྲོ་དང་། །

ཁྱད་པར་མཁས་བཞིའི་ཞལ་གཟིགས་ལུང་བསྟན་བྱུང་། །

༧༩ དེ་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་གྱི། །

གནས་ཆེན་ཀུན་ལ་ལོ་ཟླ་ཞག་གྲངས་རིང་། །

བྱ་བྲལ་དཀའ་སྤྱད་ཚུལ་བཟུང་ལོ་ཟླའི་གྲངས། །

བསྒྲུབ་ཅིང་སྒོ་གསུམ་ཉམས་ལེན་གྲངས་མེད་མཛད། །

༨༠ ཕྱི་ཡི་ཤ་ཤོར་རུས་འགོ་པགས་པས་གཡོག །

ནང་དུ་ཉམས་རྟོགས་ཡོན་ཏན་དཔལ་གྱིས་ཕྱུག །

གསང་བ་སྡེ་བརྒྱད་བཀའ་བཙན་སྐྱེ་འགྲོའི་མགོན། །

ཕྱག་རྫོགས་དབུ་མའི་རྣལ་འབྱོར་ཆེན་པོར་གྱུར། །

༨༡ རེ་ཞིག་འབྲིག་མཚམས་མཐའ་དཀར་བཞུཌ་པའི་ཚེ། །

སྔགས་བོན་ཁྲོ་རྒྱལ་ལ་སོགས་དད་སྦྱིན་འགར། །

ཡིད་ཆེས་སྐྱེ་ཕྱིར་རྟོགས་པའི་ཉམས་མགུར་གསུངས། །

བྲག་ཀྱི་ངོས་ལ་ཞབས་རྗེས་གསལ་བར་བཞག །

༨༢ དེ་ནས་ཞང་ཞུང་དང་རའི་གནས་མཆོག་ཏུ། །

གཡུ་བུན་སྤྲུལ་སྐུ་ཁྲི་གཙུག་བསྟན་འཛིན་དང་། །

གུ་རུ་བླ་མ་བསྟན་འཛིན་རིན་ཆེན་དང་། །

རྟོགས་ལྡན་བསྟན་འཛིན་ཡེ་ཤེས་ཞུ་གྲགས་སོགས། །

༨༣ དེ་ལྟར་དཔོན་གསས་མཚན་ཉིད་རབ་ལྡན་པའི། །

དུ་མའི་ཞལ་མཇལ་ཐུགས་ཟིན་ཐུགས་བཅུད་མྱོང་། །

ཕྱི་ནང་གསང་གསུམ་རྒྱུད་སྡེ་རྒྱ་མཚོ་ཡི། །

བཀའ་ལུང་ཡོངས་ནོད་ལུང་རྟོགས་མཛོད་ཀྱིས་ཕྱུག །

༨༤ ཁྱད་པར་མཐའ་བཞི་ཚེ་དབང་རྒྱལ་པོའི་དྲུང་། །

སྙན་རྫོགས་གསལ་གདབ་མན་ངག་དམར་ཁྲིད་སོགས། །

དབང་ལུང་གནང་སྐབས་ཐུན་མཚམས་མཐའ་བཞི་ཡི། །

ངོ་མཚར་མཇལ་སྣང་སྣ་ཚོགས་བྱུང་བ་ནི། །

༨༥ རེ་འགར་སྤྲོས་བྲལ་ཀུན་ཏུ་བཟང་པོ་དང་། །

གྱེར་སྤུངས་བླ་ཆེན་ཚེ་དབང་རིག་འཛིན་དང་། །

རྨ་སྟོན་སྲོལ་འཛིན་གྱེར་མི་ཉི་འོད་སོགས།

གཟིགས་པའི་མོད་ལ་དད་པའི་མཆོད་ཚིག་ཕུལ། །

༨༦ དེ་ནས་རིག་འཛིན་མཁའ་འགྲོའི་ལུང་བསྟན་དང་། །

འགྲོ་དོན་དུས་བབ་དགོན་སྡེ་གསར་འཛུགས་ཚེ། །

དགུང་ལོ་སོ་བདུན་ཆུ་འབྲུག་དགུན་ར་བའི། །

ཚེས་བརྒྱད་ཉིན་མོ་རུ་ལག་ས་སྐོར་ཕེབས། །

༨༧ རིག་འཛིན་མཁའ་འགྲོའི་ལུང་བསྟན་བྱུང་བ་དང་། །

བཀྲ་ཤིས་རྟེན་འབྲེལ་རང་བཞིན་འགྲིག་པ་དང་། །

བསྟན་པ་དར་བའི་དུས་ལ་བབ་པ་སོགས། །

དགོན་སྡེ་འཛུགས་པའི་ཕྲིན་ལས་དབུ་ཁྱུད་གནང་། །

༨༨ དེ་ནས་རབ་བྱུང་བཅུ་བཞིའི་ཆུ་སྦྲུལ་ལོའི། །

གསར་ཚེས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། །

དམ་པ་མཆོག་དང་ངོ་འཁོར་དཔོན་གཡོག་གསུམ། །

ལུགས་གཉིས་ལྟེ་བ་ལྷ་ལྡན་ཞིང་དུ་ཕེབས། །

༨༩ གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བ་མཆོག །

ཚུལ་ཁྲིམས་རྒྱ་མཚོ་ཞལ་མཇལ་སྙན་གསེང་ཕུལ། །

དགོན་གནས་གསལ་བསྐྲུན་ཆོག་པའི་བཀའ་རྟེན་ཞུས། །

དེ་དོན་བཀའ་ཤོག་ཐམ་ག་དང་བཅས་ཐོབ། །

༩༠ དེ་ནས་བསྟན་པའི་མཐུན་རྐྱེན་སྒྲུབ་པའི་ཕྱིར་། །

སྟོད་ཕྱོགས་དང་རའི་ཕྱོགས་སོཌ་གདུལ་བྱ་ཕེབས། །

དད་སྦྱིན་ལྷ་མི་མང་པོས་ཞབས་ནས་འདེགས། །

མཐུན་རྐྱེན་གྲུབ་ནས་སླར་ཡང་གཙང་དུ་ཕེབས། །

༩༡ སྔོན་ཚེ་སྟོན་མཆོག་ཞབས་ཀྱིས་བཅགས་པའི་ཞིང་། །

བྱིན་རླབས་རིན་ཆེན་གཏེར་ཁ་སྦས་པའི་གནས། །

རུ་ལག་གཡུང་དྲུང་ཁྲི་འདུལ་འོད་ཀྱི་ཁང་། །

ངོ་མཚར་ལུང་ཚིག་གྲུབ་པའི་གནས་དེ་རུ། །

༩༢ ཤིང་ཕོ་རྟ་ལོའི་ཡར་ཚེས་བཅོ་ལྔ་ལ། །

གཟའ་སྐར་འཕྲོད་སྦྱོར་བདུད་རྩི་ཐུན་མཚམས་ཉིན། །

ས་ཐིག་གདབ་ཅིང་བཟོ་སྐྲུན་དབུ་བརྩམས་པས། །

ངོ་མཚར་རྟེན་འབྲེལ་སྣ་ཚོགས་འགྲིག་དང་ལྷན། །

༩༣ ཕྱི་རྟེན་སྒྲུབ་ཁང་བླ་བྲང་ལྷ་ཁང་དང་། །

ཚོགས་ཁང་ཁང་ཚན་གྲྭ་ཤག་ལ་སོགས་པ། །

ནང་རྟེན་སྐུ་གདུང་གསུང་རབ་མཆོད་ཆས་དང་། །

དགོས་པའི་ཅ་དངོས་མ་ལུས་ཡོངས་སུ་གྲུབ། །

༩༤ དེ་ནས་གནམ་བོན་ཤེས་རབ་དགོངས་རྒྱལ་ལ། །

ཤེས་རབ་བློ་འཕེལ་སྙན་རྒྱུད་དགོན་པའི་མཚན། །

གཤེན་བསྟན་རྣམ་རྒྱལ་ཀུན་གྲཌ་གླིང་དགོན་ནམ། །

རྒྱལ་བ་གཡུང་དྲུང་གླིང་དགོན་མཚན་དུ་གསོལ། །

༩༥ སྟོང་རྒྱུང་དངོས་བྱོན་ཤེས་རབ་དགོངས་རྒྱལ་དང་། །

བླ་ཆེན་དངོས་བྱོན་དམ་པ་མཆོག་ཉིད་ཀྱིས། །

དབུ་བཞུགས་གནང་ཐོག་བླ་སྤྲུལ་འདུས་པ་ནས། །

མངའ་དབུལ་བཀྲ་ཤིས་རབ་གནས་རྒྱས་པར་གནང་། །

༩༦ བསྟན་པ་ཡུན་རིང་དར་རྒྱས་གནས་པའི་ཕྱིར། །

རྟེན་རྫས་སྒྲུབ་རྫས་མཆོད་རྫས་ཀུན་བསགས་ཏེ། །

རྩ་གསུམ་རྒྱ་མཚོའི་ལྷ་ཚོགས་དབྱིངས་ནས་བསྐུར། །

བསྟན་འགྲོར་ཕན་པའི་ཐུགས་སྨོན་རྒྱ་ཆེན་མཛད།

༩༧ སྙན་པའི་གྲགས་པ་ས་གསུམ་ཡོངས་སུ་ཁྱབ། །

སྟོད་སྨད་བར་གསུམ་གདུལ་བྱར་ཞབས་ཀྱིས་བཅགས །

ཧོར་སྤྱི་བཱེ་ཧུ་ཚེ་རིང་དབང་རྒྱལ་སོགས། །

བསྟན་པའི་སྦྱིན་བདག་རྣམས་ཀྱིས་ཞབས་ནས་འདེཌ། །

༩༨  སྟོད་ཕྱོགས་དྭང་ར་ཧོར་ཁྱུང་སྟོད་སྨད་སོགས། །

ཕེབས་ནས་འགྲོ་ལ་བོན་གྱི་འཁོར་ལོ་བསྐོར། །

ཁྱད་པར་སྟག་སླག་ཅན་སོགས་སྐྱེས་བུའི་ཚོགས། །

བསླབ་པའི་རྒྱུད་འཛིན་སེམས་པ་གྲངས་འདས་འཕེལ། །

༩༩ དེ་ནས་སྣང་སྟོན་ཟླ་བ་རྒྱལ་མཚན་དང་། །

གཡུང་གླིང་ཡིག་ཆའི་མངའ་བདག་སྨྲ་བའི་དབང་། །

ཀུན་མཁྱེན་ཉི་མ་བསྟན་འཛིན་ཟུང་འབྲེལ་གྱིས། །

བཤད་སྒྲུབ་འཁོར་ལོ་གསུམ་གྱི་བཀའ་འཁོར་བསྐོར། །

༡༠༠ རྒྱལ་བ་བྲུ་ཡི་རིང་ལུགས་མ་སྨད་པའི། །

མདོ་སྔགས་བསྟན་པའི་སྲོག་ཤིང་ཡོངས་བཟུང་སྟེ། །

དངོས་སློབ་བརྒྱ་ཕྲག་གྲངས་ལ་འདས་པ་ཡི། །

མཁན་སློབ་རབ་འབྱམས་མཁས་པའི་ཚང་ཆེན་བརྡོལ། །

༡༠༡ ཁྱད་པར་བསྙེན་པར་རྫོགས་པའི་པའི་སློབ་བུ་ནི། །

བསོད་ནམས་ཕུན་སུམ་ཚོཌ་ཤེས་རབ་གཡུང་དྲུང་དང་། །

གདན་སའི་མཁན་སློབ་ལ་སོགས་སྐྱེས་བུའི་ཚོགས། །

གྲངས་མེད་བྱུང་ནས་བསྟན་པའི་སྒོ་རེ་འཛིན། །

༡༠༢ འདུལ་བ་ཁྲིམས་དང་ཨ་སྙན་རྫོགས་པ་སོགས། །

བོན་སྒོ་ཕྱི་ནང་གསང་བ་ཡང་གསང་གི །

སྙེན་པར་རྫོགས་དང་དབང་ལུང་ཁྲིད་གསུམ་གྱིས། །

དྲི་མེད་སངས་རྒྱས་བསྟན་པའི་སྲོག་ཤིང་བཙུགས། །

༡༠༣ དམུ་གཤེན་རྒྱུད་འཛིན་རྒྱན་དྲུག་མཁས་བཞི་དང༌། །

བཀའ་གཏེར་རིག་འཛིན་བརྒྱུད་པའི་དཔོན་གསས་ཀྱིས། །

ཡང་ཡང་དཀའ་བས་བསགས་ཤིང་སྒྲུབ་པ་བཞིན། །

ཇི་བཞིན་མ་ནོར་ལམ་བཟང་ཁྱེད་ཀྱིས་སྒྲུབ། །

༡༠༤ རྒྱལ་བསྟན་མདོ་སྔགས་རྫོཌ་པའི་ཚུལ་མཐའ་དག །

གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །

ཆེས་ཆེར་སྤེལ་བའི་གསང་གསུམ་དམ་དགོངས་ནས། །

རྒྱལ་བ་གཉིས་པའི་བསྟན་པའི་རྒྱལ་མཚན་བསྒྲེང་། །

༡༠༥ རྒྱལ་དང་རྒྱལ་སྲས་བྱང་སེམས་ཚོགས་རྣམས་ཀྱིས། །

བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །

དྲི་མེད་རྒྱལ་བསྟན་མཁའ་ལ་སྒྲེང་མཛད་པའི། །

གསུང་སྐྱེས་སློབ་མས་ས་ཆེན་འགེངས་པར་བྱས། །

༡༠༦ འགྲོ་ཀུན་ཕན་བདེའི་ཉི་མ་གསལ་མཛད་པ། །

ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྗེའི་གར། །

བསླབ་གསུམ་སེམས་དཔའི་འཁོར་ཚོགས་རྒྱ་མཚོ་ལ། །

ཐུགས་བསྐྱེད་རྨད་བྱུང་མཛད་པ་ཁྱེད་ཀྱིས་བསྐྱངས། །

༡༠༧ གཞུང་ལུགས་འཆད་པ་ལུང་གི་སྤྲིན་འཁྲིགས་ཤིང༌། །

རིག་ལམ་རྒོལ་འཇོམས་རྩོད་པའི་གློག་ཕྲེང་འབར། །

ལེགས་བཤད་མན་ངག་གནད་ཀྱི་བདུད་རྩི་སིམ། །

འཆད་རྩོད་རྩོམ་པས་རྒྱལ་བསྟན་གསལ་བར་མཛད། །

༡༠༨ གཤེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོའི་ཀློང་། །

མདོ་སྔགས་ཟུང་འབྲེལ་རིན་ཆེན་འོད་འབར་བ། །

ཟབ་མོའི་བོན་གཏེར་ནོར་བུ་མངོན་མཛེས་པ། །

དགོས་འདོད་བསྟན་པའི་དངོས་གྲུབ་ཁྱེད་ཀྱིས་བསྩལ། །

༡༠༩ གཡས་རུའི་མཁས་གྲུབ་རྒྱ་མཚོའི་དགོངས་དོན་དང་། །

རྣམ་འདྲེན་རྒྱལ་བ་གཉིས་པའི་ལུགས་བཟང་གཉིས། །

རྨད་བྱུང་ཟུང་འབྲེལ་བཀའ་སྲོལ་ཕྱག་རྒྱས་བཏབས། །

དྲི་མེད་རྒྱལ་བསྟན་གཞི་ནས་གསོ་བར་མཛད། །

༡༡༠ ཟབ་ལམ་ཨ་སྙན་རྫོགས་གསུམ་དགོངས་པའི་བཅུད། །

ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །

འཇའ་ལུས་འོད་སྐུར་གཤེགས་པའི་ངོ་མཚར་ཅན། །

རྗེས་འཛིན་གསུང་སྐྱེས་སློབ་མ་ཁྱེད་ཀྱིས་བསྐྲུན། །

༡༡༡ རྒྱལ་བ་གཉིས་པའི་དགོངས་དོན་བདུད་རྩིའི་བཅུད། །

རྒྱུད་འཛིན་མཁས་གྲུབ་ཐུགས་ཀྱི་བུམ་བཟང་དུ། །

རྟོག་གེ་ངན་པའི་རང་བཟོས་མ་བསླད་པ། །

དྲི་མེད་རྒྱལ་བསྟན་སྙིང་པོ་ཁྱེད་ཀྱིས་སྒྲུབ། །

༡༡༢ འཇིག་རྟེན་ཕན་བདེའི་ཉི་མ་གཡུང་དྲུང་བོན། །

ལོག་པའི་ངན་སེམས་སྤྲིན་གྱི་སྒྲིབ་པའི་ཚེ། །

མི་ཟད་ཐུགས་རྗེ་བདེན་པའི་རླུང་ཤུགས་ཀྱིས། །

བར་ཆོད་དབྱིངས་སུ་ཞི་བ་ཁྱེད་ཀྱིས་བྱས། །

༡༡༣ མདོར་ན་སྐྱབས་མགོན་བླ་མ་ཁྱེད་ཉིད་ཀྱིས། །

ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །

ཕན་བདེའི་འབྱུང་གནས་གཤེན་བསྟན་རིན་པོ་ཆེ། །

ནུབ་མེད་བསྐལ་བརྒྱར་གནས་པའི་ཐུཌ་འགན་བཞེས། །

༡༡༤ སྐྱབས་མགོན་སྣང་སྟོན་བླ་མ་མཆོག་ཉིད་ནི། །

རླུང་སེམས་གཉིས་ལ་རང་དབང་མངོན་འགྱུར་པ། །

བདུད་བཞིའི་དགྲ་བཅོམ་གྲུབ་པའི་རིག་འཛིན་ལ། །

སྐྱེ་འཆི་རང་དབང་མངོན་དུ་འགྱུར་མོད་ཀྱང་། །

༡༡༥ སྙིགས་མའི་རང་གཤིས་དུག་ལྔའི་མཚོན་དབལ་ལ། །

ཤིན་ཏུ་མ་རངས་ཡོངས་སུ་ཐུགས་ཆད་ན། །

བསྟན་པའི་བྱ་བ་བཅའ་སྒྲིག་ཞལ་གདམས་རྣམས། །

རྗེས་འཇུག་ཐུགས་སྲས་རྣམས་ལ་གཉེར་གཏད་ནས། །

༡༡༦ རྟག་འཛིན་ཅན་རྣམས་སུན་དབྱུང་དགེ་སྐུལ་ཕྱིར། །

སྔོན་གྱི་རྒྱལ་བ་སྲས་བཅས་གཤེགས་པའི་ཤུལ། །

རིག་འཛིན་གོང་མས་རྒྱལ་ས་ཟིན་པའི་ཞིང་། །

དགུང་ལོ་དྲུག་ཅུ་རེ་བདུན་བཞེས་པ་ཡི། །

༡༡༧ ཆུ་ཁྱི་དགུན་ཟླ་འབྲིང་བོ་ཚེས་བརྒྱད་ཉིན། །

ཕོ་བྲང་རྩེ་མོ་ས་གསུམ་ཟིལ་གནོན་དུ། །

ཆ་ལུགས་ལྔ་ལྡན་ངང་ནས་ཕཊཿ  སྒྲ་བཅས། །

འོག་མིན་བདེ་ཆེན་བོན་ཉིད་དབྱིངས་སུ་གཤེགས། །

༡༡༨ ཐུགས་སྲས་རྣམས་ཀྱིས་བླ་མ་མཆོད་པ་གསུངས། །

ཐུགས་དམ་དང་ལེན་ཞུས་ནས་གུས་ཕྱག་ཕུལ། །

དེ་ཚེ་ནམ་མཁའ་བར་སྣང་ས་གཞི་ལ། །

འཇའ་འོད་ཁེངས་སོཌ་རྟཌ་མཚན་བཟང་པོ་བྱུང་། །

༡༡༩ དེ་ནས་མཁན་ཆེན་ཉི་མ་བསྟན་འཛིན་གྱིས། །

བླ་མའི་ཕྱག་ཞབས་ཡན་ལག་ལ་སོགས་པ། །

གསས་མཁར་མཆོག་ལྔ་ཁྲོ་རྒྱལ་བརྒྱད་ཅུ་སོགས། །

རང་བཞིན་རྫོགས་པས་ཞེན་ལ་མ་ཞུགས་གསུངས། །

༡༢༠ དེའི་ཕྱིར་སྐུ་གདུང་བསྟན་དང་འགྲོ་བའི་དོན། །

བསྐལ་པའི་བར་དུ་གཤེགས་བཞུགས་གནང་དགོས་པས། །

བླ་མའི་སྐུ་ནི་དམར་གདུང་བཞུགས་སུ་གསོལ། །

གདུང་ཁྲུས་མཆོད་འབུལ་ཚོགས་བསགས་རྒྱ་ཆེན་བྱས། །

༡༢༡ རྗེས་འཇུག་ཐུགས་སྲས་འདུས་པ་རྒྱ་མཚོ་ཡིས། །

ལས་བཞི་རྒྱུན་ལྔ་ཀློང་རྒྱས་བདེར་གཤེགས་ལྷའི། །

དཀྱིལ་འཁོར་ཞལ་ཕྱེས་ཟད་མེད་མཆོད་པའི་སྤྲིན། །

གྲངས་མེད་ནམ་མཁའི་མཐའ་དང་མཉམ་པར་ཕུལ། །

༡༢༢ གདན་ས་ཁག་དང་འདུས་སྡེ་རྒྱ་མཚོ་དང་། །

སྟོད་སྨད་བར་གསུམ་བསྟན་སྦྱིན་དད་འབངས་ཀྱིས། །

སྐུ་འགྱེད་དང་ནི་མང་ཇ་ལ་སོགས་པ། །

མཆོད་འབུལ་ཚོགས་བསཌ་སྨོན་ལམ་རྒྱ་ཆེར་བྱས། །

༡༢༣ དེ་ལྟར་སྐྱབས་མགོན་སྣང་སྟོན་བླ་མ་མཆོག །

བསྟན་འགྲོར་རྗེས་ཆགས་བྱང་སེམས་མི་ཡི་ཚུལ། །

བཟུང་སྟེ་མཁས་བཙུན་གྲུབ་པའི་ཡོན་ཏན་ཆ། །

ཡིད་ཆེས་དད་པས་ཅུང་ཙམ་བཀོད་པ་འདི། །

༡༢༤ འདི་སོགས་དུས་གསུམ་དགེ་བ་གང་བགྱིས་པ། །

ལེགས་པར་སྤྱད་པ་ཇི་སྙེད་མཆིས་པ་ཀུན། །

ཁྱེད་ཉིད་དགྱེས་ཤིང་རྗེས་སུ་འཛིན་པ་དང་། །

བཀའ་བཞིན་སྒྲུབ་པ་ཁོ་ནའི་རྒྱུར་གྱུར་ཅིག །

༡༢༥ བདག་ཀྱང་འདི་སོགས་ཚེ་རབས་ཇི་སྲིད་དུ། །

ཉིད་ཀྱི་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །

རིག་པར་བསླབ་ཅིང་འཛིན་སྐྱོང་སྤེལ་བ་ཡིས། །

བསྟན་འགྲོ་ཕན་བདེ་སྐྲུན་པའི་མགོན་དུ་ཤོག །

༡༢༦ རླབས་ཆེན་མཛད་བཟང་རྣམ་པར་ཐར་པ་ལ། །

བསྟོད་པ་ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད། །

ཁོ་བོའི་དད་པའི་བཅུད་དུ་སྨིན་པ་འདིས། །

བླ་མའི་བྱིན་རླབས་རྒྱུད་ལ་འཇུག་གྱུར་ཅིག །

༡༢༧ དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །

འདྲེན་མཆོག་བླ་མ་ཁྱེད་དང་མི་འབྲལ་ཞིང་། །

མགོན་དུ་ཐོབ་ཅིང་ཐུགས་ཀྱི་བཅུད་ཕྱུང་བའི། །

ཞལ་གསུང་བདུད་རྩིའི་རོ་མཆོག་མྱོང་བར་ཤོག །

༡༢༨ བསྟན་འཛིན་དཔོན་གསས་བླ་མའི་སྐུ་ཚེ་བརྟན། །

བསྟན་སྦྱིན་དད་འབངས་མངའ་ཐང་དར་ཞིང་རྒྱས། །

བསྟན་པ་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེངས། །

བསྟན་འགྲོའི་ཕན་བདེ་རྒྱས་པའི་བཀྲ་ཤིས་ཤོག །

  ༧ དེ་ལྟར་དཔོན་གསས་བླ་མ་དམ་པ་མཆོག་གི་རྣམ་ཐར་རྒྱ་མཚོའི་འཇིངས་ལ་ཡོངས་སུ་བརྒལ་བར་མ་ནུས་ཀྱང་དད་པས་རྩྭ་རྩེའི་ཟིལ་ཐིགས་ཙམ་དུ་བསྟོད་པསྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་ལ་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད་ཞེས་པ འདི་ནི་དམ་པ་མཆོག་འབྱུང་ལྡན ༢༩༦ རབ་བྱུང་ ༡༣ པའི་བོད་ཤིང་རྟ་ལོ་སྟེ་སྤྱི་ལོ ༡༧༩༦ ལོར་སྐུ་འཁྲུངས་པ་དང་འབྱུང་ལྡན ༢༩༩ ཡི་རབ་བྱུང་ ༡༤  པའི་བོད་ཆུ་ཁྱི་ལོ་སྟེ་སྤྱི་ལོ ༡༨༦༢ ལོར་དགོངས་པ་བོན་ཉིད་དབྱིངས་སུ་གཤེགས་ནས་མི་ལོ ༡༦༠ སོང་བའི་མཚམས་སུ་འབྱུང་ལྡན ༣༠༡ གི་རྔ་སྒྲ་ཞེས་པ་བོད་ལྕགས་གླང་ལོའི་དཀར་ཕྱོགས་རྒྱལ་བ་གཉིས་པའི་ཉིན། ཨ་རུ་བ་ཤེས་རབ་རྩལ་ལམ་ཚངས་སྲས་ཟླ་བའི་འཛུམ་ཟེར་དུ་འབོད་པ་དེས་གྲུབ་པ་བགྱིས་པ་འདིས་ཀྱང་རྒྱལ་བ་མཉམ་མེད་ཆེན་པོ་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་ཟུང་གི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུ་རུ་འགྱུར་བར་ཤོག་གི་སྨོན་པ་དང་ཆབས་ཅིག་ནོངས་པ་ཅི་མཆིས་རིག་འཛིན་མཁའ་འགྲོ་དང་རྒྱལ་སྲས་སེམས་དཔའི་ཚོགས་ལ་མཐོལ་ལོ་བཤགས་སོ་བཟོད་པར་གསོལ། དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག །མངྒ་ལམ།