གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་མཆོག་ནས་༧གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པར་ཐུགས་གསོའི་འཚམས་འཕྲིན་བསྩལ་བ།

༄༅།། རྒྱལ་གཤེན་བསྟན་མཆོག་མིང་ཙམ་ལྷག་པའི་ཚེ།།

རྒྱལ་འཕགས་རིག་འཛིན་གོང་མའི་སྨོན་ལམ་མཐུས།།

རྒྱལ་གཤེན་གདུང་ལས་སྐུ་འཁྲུངས་དམུ་དབང་སྲས།།

རྒྱལ་ཐེབས་ཚུལ་མཛད་བསྟན་པའི་རྒྱལ་མཚན་བཙུགས།།

དེ་ལྟར་གདུང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དྲུག་གི་ནང་ཚན། གདུང་རྒྱུད་ཀུན་གྱི་མཆོག་ཏུ་གྱུར་པ་གཤེན་ལྷ་དམུ་ཡི་གདུང་ལས་འཁྲུངས་པ་༧གཤེན་སྲས༧་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་ཉིད། རིག་འཛིན་གོང་མའི་སྨོན་ལམ་གྱི་མཐུ་སྟོབས་ལ་བརྟེན་ནས། རྒྱལ་ཐེབས་དམ་པའི་ཚུལ་དུ་བསམ་བཞིན་དུ་སྲིད་པར་སྐུ་འཁྲུངས་ཤིང། རྒྱལ་གཤེན་བསྟན་པའི་རྩ་ལག་ཕྱོགས་ཀུན་ནས་ཡལ་ལ་གྱུར་པ་དེ་ཉིད། སླར་ཡང་བསྟན་པའི་མེ་རོ་གསོ་བའི་རླབས་ཆེན་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས། དེ་ཡང་ཇི་སྐད་དུ། སངས་རྒྱས་འགྲོ་བའི་དོན་དུ་སྐུ་མི་ཕངས། ཞེས་གསུངས་པ་ལྟར། དད་ལྡན་བོན་འབངས་རྣམས་ལ་སྐུ་ངལ་འཛེམས་མེད་དང་ཉིན་མཚན་ལྟོས་མེད་ཀྱིས་བསྟན་འགྲོའི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པར་གནང་བར་བསམ་ན། གང་གི་བཀའ་དྲིན་ནམ་ཡང་འཇལ་ཐབས་བྲལ། དེས་ན་ད་ལམ་ཤིན་ཏུ་ཡིད་སྐྱོ་བའི་གནས་ཚུལ་འདི་བཞིན་ཐོས་པ་ནི། ང་དང་ང་ལྟ་བུར་བློ་བུར་དུ་མགོ་ཐོག་ཏུ་ཐོག་རྒོད་ལྷུང་བ་ལྟ་བུའི་བརྗོད་མི་ཤེས་པའི་བློ་ཕམ་ཚད་མེད་སྐྱེས། འོན་ཀྱང་མདོ་ལས། བོན་ཉིད་ངང་ལ་སྐྱེ་འཆི་མི་མངའ་ཞིང་། སེམས་ཉིད་ཡེ་ནས་འཆི་མེད་བདུད་དང་བྲལ། མི་རྟག་རྟག་ཏུ་རེ་བའི་སེམས་ཅན་རྣམས། ལན་ཅིག་རྟག་ཏུ་རེ་བའི་སུན་དབྱུང་ཕྱིར། འཁོར་བའི་གནས་ནས་མྱ་ངན་འདས་ཚུལ་བསྟན། ཞེས་གསུངས་པ་ལྟར། ངོས་ནས་དམ་པ་གང་ཉིད་ཀྱི་སྐུ་འཁོར་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་ཞུ་བ་དང་ལྷན། དད་ལྡན་རྗེས་ལུས་རྣམས་ནས་ཀྱང། ཡིད་ཕམ་པའི་གནས་སུ་ལྷུང་བ་ཙམ་མ་ཡིན་པར། སྐུ་བདེ་བར་གཤེགས་པ་གཤེན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་རྣམས་ལྷུན་གྱིས་འགྲུབ་ཕྱིར། རང་རང་གི་ངོས་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་པ་ནི་གནད་ཀྱི་དམ་པར་མཐོང་བས་དེ་དོན་དགོངས་འཇགས་བཅས།

ཕྱི་ལོ། ༢༠༢༢ ཟླ། ༠༢ ཚེས་ལ།

སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མས།