གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་ཁྲི་འཛིན་༣༤པ་མཆོག་ནས་༧གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེགས་པར་ཐུགས་གསོའི་འཚམས་འཕྲིན་བསྩལ་བ།

ད་ལམ་དམུ་རྒྱལ་གཤེན་གྱི་གདུང་བརྒྱུད་ཆེན་མོའི་རྒྱུད་འཛིན་༧གཤེན་སྲས་༧ ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་སྐུ་ཞིང་ཁམས་གཞན་དུ་གཤེགས་པའི་གནས་ཚུལ་བློ་བུར་དུ་གོ་བར་ངོས་རང་ལ་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང། ངོས་ཙམ་དུ་མ་ཟད་དད་ལྡན་བོན་འབངས་ཡོངས་ལ་མགོན་མེད་སྐྱབས་མེད་དུ་ལུས་པའི་ཚོར་སྣང་དྲག་པོ་ཞིག་བྱུང་བར་ཅི་ལ་སྨོས་དགོས། དེ་ལྟར་ཞིང་གཤེགས་དམ་པ་མཆོག་ཉིད་ནི་དུས་རབས་ཀྱི་གཉན་འཕྲང་གི་སྐབས་འདིར་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་མཛད་རྗེས་བཞག་གནང་ཡོད་པས།

དད་ལྡན་བོན་འབངས་རྣམས་ནས་ཀྱང་བཀའ་དྲིན་ཡིད་ལ་བསམ་སྟེ་༧གཤེན་རིན་པོ་ཆེ་༧ མཆོག་གི་ཐུགས་དགོངས་མཐའ་དག་ཡོངས་སུ་རྫོགས་ཕྱིར་ཚོགས་གསོག་མཆོད་འབུལ་སྨོན་ལམ་སོགས་སྡིག་སྤོངས་དགེ་སྒྲུབ་རྒྱ་མི་ཆུང་བར་ཡོང་བའི་རེ་བསྐུལ་དང། འདི་ག་གདན་ས་སྨན་རིའི་དགོན་དང་དེ་བཞིན་བཙུན་དགོན་རདྣ་སྨན་གླིང་བཅས་སུའང་འདུས་པ་རྒྱ་མཚོས་གང་གི་ཐུགས་ཀྱི་གཏད་སོའི་ཐུགས་དམ་རིན་པོ་ཆེ། གསང་ཆེན་མ་རྒྱུད་ཀྱི་ཆོ་གའི་སྒོ་ནས་ཚོགས་མཆོད་རྒྱས་འབུལ་ཞུ་བ་དང་ཆབས་ཅིག རྒྱལ་བ་གཤེན་གྱི་གདན་སའི་ལྷ་སྡེ་མི་སྡེ་ཡོངས་དང། དེ་བཞིན་གང་གི་རྒྱུད་འཛིན་༧གཤེན་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་རིན་པོ་ཆེ་མཆོག་དང། གཤེན་སྲས་གཡུང་དྲུང་རང་གྲོལ་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོས། རྗེས་ལུས་གཤེན་གྱི་བླ་བྲང་གི་ནང་མི་ལྟོས་བཅས་ཡོངས་ལ་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བ་དང་ཆབས་ཅིག་ཐུགས་གསོའི་འཚམས་འདྲི་བཅས་ཕྱི་ལོ། ༢༠༢༢ ཟླ། ༠༢ ཚེས་ལ།