གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་སྒྲུབ་གྲྭ་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་དང་པོའི་གཏུམ་མོ་ཉམས་ལེན་རྩ་རླུང་ཞག་བརྒྱའི་གནས་བསྡུས།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་གི་བཀའ་དགོངས་ལྟར། བོད་ལྕགས་གླང་ལོའི་བོད་ཟླ་དགུ་པ་ཕྱི་མའི་ཚེས་གཅིག་ཉིན་སྟེ། ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡༡ ཚེས་ ༥ ཉིན་ནས། ཕྱི་ལོ་ ༢༠༢༢ ལོའི་ཟླ་བ་ ༢ ཚེས་ ༡༢ བར་ཉིན་གྲངས་བརྒྱ་ཡི་རིང་ལ། རྒྱ་གར་བྱང་ཕྱོགས་རྡེ་ར་ཊུན་ས་གནས་སུ་བརྟེན་གཞིར་བྱས་པ། གཡུང་དྲུང་བོན་གྱི་སློབ་གཉེར་ཁང་ལི་ཤུའི་བོན་ཚོགས་སུ་༧སྨན་རིའི་སྒྲུབ་གྲྭ་པ་རྣམས་དང་ཟུར་ཞུགས་དགེ་བཤེས་བཞི་བཅས་དགེ་འདུན་པ་ཞལ་གྲངས་བཅུ་དགུ་ཙམ་རྫོགས་པ་ཆེན་པོའི་ཐུན་མོང་གཏུམ་མོའི་ཉམས་ལེན་ནམ་རྩ་རླུང་འཁྲུལ་འཁོར་ཞག་བརྒྱ་ལ་བཞུགས་གནང་བའི་གནས་བསྡུས།

དང་པོར་དཔོན་གསས་ལྷ་དང་རིགས་ལྡན་གནས། མཚན་ལྡན་གྲོགས་དང་ཡོ་བྱད་རྫས་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་རྒྱལ་བའི་བཀའ་ལུང་དང་མཐུན་པར་བསགས་ནས། བོད་ཟླ་དགུ་པ་སྔ་མའི་གནམ་གང་སྟེ། རླུང་གཉིས་འཕྲད་པ་ཕུན་ཚོགས་བསམ་མྱུར་འགྲུབ་པའི་འཕྲོད་སྦྱོར་བཟང་པོ། ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོར། དཀྱིལ་འཁོར་དང་གཏོར་མ་བཅའ་བཟོ་སོགས་སྟ་གོན་གྱི་བྱ་ཆ་ཚགས་སུ་ཚུད་པར་བྱས་ནས། ཉིན་རྒྱབ་ནས་ཞང་ཞུང་མེ་རིའི་སྒྲུབ་གཞུང་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་པའི་དཀྱིལ་འཁོར་གྱི་ཞལ་ཕྱེ་སྟེ། ཕྱི་མཚམས་དང་ནང་མཚམས་བཅད་ནས་ཕྱོགས་བཞིའི་ཐོ་ཆེན་བཙུགས་ཤིང་སྒྲུབ་མཚམས་དམ་པོར་བྱས་ནས་ཡི་དམ་གྱི་ཚོགས་འཁོར་རྒྱས་འབུལ་སྣ་སེལ་གྱི་ཚུལ་དུ་ཞུས་ནས་དབུ་འཛུགས་གནང་།

༡༽འཇམ་རླུང་ཟ་མ་ཏོག་ཉིན་གྲངས་ཉེར་བརྒྱད་ཀྱི་ཉམས་ལེན།

ཕྱི་ཉིན་བོད་ཟླ་དགུ་པ་ཕྱི་མའི་དཀར་ཕྱོགས་ཚེས་གཅིག་ཉིན་གྱི་ཐོ་རེངས་ནས་ཐོག་མར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གསོལ་འདེབས་ཏིང་འཛིན་དང་བཅས་པ་ཆ་ཚང་བར་གསུངས་ནས་འཇམ་རླུང་དབུ་བཟུང་། དེ་ཡང་ཀུན་མཁྱེན་ཤར་རྫ་པའི་ཡང་ཟབ་ནམ་མཁའ་མཛོད་ཆེན་ལས་རྩ་རླུང་གནད་ཀྱི་ཞལ་ཤེས་ལྟར་ལག་ལེན་གནང་སྟེ། ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་གཞུང་ལས་གསུངས་བཞིན། འཇམ་རླུང་ཟ་མ་ཏོག་གི་ལུས་གནད་རྐང་པ་གཡུང་དྲུང་སྐྱིལ་ཀྲུང་བཅའ་བ་སོགས་ལུས་གནད་བདུན་བྱས་ནས། རླུང་གནད་ལ། ཁྱད་པར་གྱི་སྔོན་འགྲོ་དང་པོ་ལོངས་སྐུའི་སྟོང་རའི་ངང་ནས་སྲུང་གུར་དབུབ་པ། གཉིས་པ་སྤྲུལ་སྐུའི་སྟོང་རའི་ངང་ནས་རླུང་དུག་བསལ་བ། གསུམ་པ་བོན་སྐུའི་སྟོང་རའི་ངང་ནས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་ནས།

གསུམ་པ་དམིགས་པའི་གནད་ཉམས་སུ་བསྟར་ཏེ། ཉིན་རེར་རླུང་ཐུན་བཞི་བཞིའི་རླུང་ཐུན་རེ་རེ་བཞིན་དུ་རླུང་ཁུག་པ་བདུན་བདུན་བསྣན་པའི་མཐར་རླུང་ཁུག་པ་བརྒྱ་དང་བརྒྱད་ལ་ཞག་བདུན་གཉིས་བཅུ་བཞིར་སྦྱངས་པ་ཚུལ་བཞིན་བྱས།

ཉིན་རེར་ཐོར་ཐུན་གྱི་མཇུག་ཏུ་བསང་དང་། སྔ་ཐུན་གྲུབ་ནས་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་ཚར་རེ་དང་བསྙེན་འཛབ་བསགས་སྦྱངས་བྱས། སྲོད་ཐུན་གྱི་རྗེས་སུ་བཀའ་སྐྱོང་བསྐུལ་བ་དང་སྨོན་ལམ་རྣམ་གསུམ་གྱིས་མཐར་བརྒྱན། དགོང་མོར་རྗེ་བདག་ཉིད་ཆེན་པོས་མཛད་པའི་ཨ་དཀར་ཞི་གཅོད་སོགས་ཉིན་བཞིན་ཆགས་མེད་དུ་ཞུས་པ་ཡིན།

དེ་ནས་བདུན་གསུམ་པ་སྟེ་ཞག་བཅོ་ལྔ་པའི་ནངས་མོར་སྔར་ལྟར། ཐོར་ཐུན་ལ་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་བཏོན་ནས་ཁྱད་པར་གྱི་སྔོན་འགྲོ་དང་འཇམ་རླུང་སོགས་ཡོངས་སུ་གྲུབ་མཐར། རྩ་རླུང་གནད་ཀྱི་ཞལ་ཤེས་ལས། ལུས་སྦྱོང་འཁྲུལ་འཁོར་རྣམས་བྱ་དགོས་གསུངས་པ་ལྟར། ཞང་ཞུང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་ལས། ཞང་ཞུང་གྲུབ་ཐོབ་ཆེན་མོ་དཔོན་རྒྱལ་བཙན་པོས་མཛད་པ་ལུས་སྦྱོང་ལྔའམ་སྔོན་འགྲོའི་འཁྲུལ་འཁོར་ལྔ་བྱས། སྔ་ཐུན་གྱི་རྗེས་སུ་ཨ་ཁྲིད་འཁྲུལ་འཁོར་ཆེན་མོ་ལས་བཅུད་དུ་ཕྱུང་བ་ཟབ་བསྡུས་སུ་གྲགས་པ་ཨ་ཁྲིད་ཀྱི་འཁྲུལ་འཁོར་བཅོ་ལྔ་པ་ཆ་ཚང་བར་བྱས། དེ་བཞིན་ཕྱི་ཐུན་ལ་སྙན་རྒྱུད་སྔོན་འགྲོའི་འཁྲུལ་འཁོར་ལྔ་དང་། སྲོད་ཐུན་ལ་ཨ་ཁྲིད་འཁྲུལ་འཁོར་བཅོ་ལྔ་པ་གཉིས་ཐུན་བཞི་ལ་རེས་མོས་སུ་བདུན་ཕྲག་གཅིག་ལ་གྲུབ་པར་བྱས་པ་ཡིན།

དེ་ནས་བདུན་བཞི་པ་སྟེ་ཞག་ཉེར་གཉིས་པའི་ཐོར་ཐུན་ལ་ཡང་སྔར་བཞིན་མ་རྒྱུད་གསོལ་འདེབས་དང་། གནད་ཀྱི་སྔོན་འགྲོ་རྣམས་གྲུབ་ནས་རླུང་ཁུག་ཟིན་པར་བྱས་ཏེ།  ཞང་ཞུང་སྙན་རྒྱུད་ཀྱི་འཁྲུལ་འཁོར་ལུས་སྦྱོང་ལྔའི་སྟེང་དུ། ཞང་ཞུང་པ་གྲུབ་ཐོབ་དཔོན་རྒྱལ་བཙན་པོས་མཛད་པར་གྲགས་པ་རྩ་བའི་འཁྲུལ་འཁོར་ལྔའམ་དྲུག་སྟེ། ཞེ་སྡང་གྱད་ཀྱི་ཐོ་རྡེག གཏི་མུག་ཡེ་ཤེས་སྐར་ཁུང་། ང་རྒྱལ་འཁོར་ལོ་བཞི་སྒྲིལ། འདོད་ཆགས་རྒྱ་མདུད་ཟུར་བཀྲོལ།  ཕྲག་དོག་དར་ལྕེ་གྱེན་སྤྲུག བྱིང་རྒོད་སྟག་མོའི་མཆོང་སྟབས་དང་དྲུག་བསྣན་ནས་འཁྲུལ་འཁོར་བཅུ་གཅིག་བྱས།  དེ་ནས་སྔ་ཐུན་ལ་ཡང་རླུང་ཁུག་རྣམས་སྔར་ལྟར་བྱས་ནས། བོགས་འདོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ་(འདི་ནི་མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་འཁྲུལ་འཁོར་ཆེན་མོ་ཞེས་པ་འགྲོ་མགོན་བློ་གྲོས་ཀྱིས་མཛད་པ་ཅན། ཕྱིས་སུ་དྲང་སྲོང་ཤེས་རབ་རིན་ཆེན་གྱིས་བླ་མའི་གསུང་སྒྲོས་ཇི་ལྟ་བ་བཞིན་དུ་ཞུ་དག་གིས་ཡི་གེར་བཀོད་པ་གེགས་སེལ་ཆེན་མོ་ཞེས་པ་དེ་ཡིན། ཕྱིས་སུ་ཀུན་མཁྱེན་ཤར་རྫ་པས་བློ་གསར་རྣམས་ཀྱི་རྟོགས་སླའི་ཆེད་དུ་ཚིགས་བཅད་ལ་འགྲེལ་བཅུག་ནས་བཀོད་པ་བོགས་འདོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ་ཞེས་པ་ཡིན། འདི་དག་ལ་ཁོ་བོས་གཤིབ་སྡུར་དང་ཞུ་སྒྲིག་ཞུས་ཡོད། མཆན།)ལྟར། སྟོད་སྦྱོང་གི་འཁྲུལ་འཁོར་བདུན་པོ་བྱས། དེ་ནས་ཕྱི་ཐུན་ལ་སྔར་ལྟར་སྙན་བརྒྱུད་ཀྱི་འཁྲུལ་འཁོར་རྣམས་དང་།  སྲོད་ཐུན་ལ་ཨ་ཁྲིད་ལྟར་གྱི་སྟོད་སྦྱོང་བདུན་པོ་ཡང་བདུན་ཕྲག་གཅིག་ལ་བྱས།

དེ་ལྟར་འཇམ་རླུང་ཉིན་གཅིག་ལ་ཐུན་བཞི། ཐུན་རེ་ལ་ཆུ་ཚོད་གཅིག་དང་ཕྱེད་ཀ་རེ་དང་ཁྱོན་བསྡོམས་ཉིན་གྲངས་ཉེར་བརྒྱད་ཚང་བར་བྱས་པ་ཡིན། ཉིན་རེའི་ཉམས་ལེན་ཞིབ་ཕྲ་ཟུར་སྦྱར་གཤམ་གྱི་རེའུ་མིག་ཏུ་བཀོད་ཡོད་པ་ལྟར་ཡིན།

༢༽བར་རླུང་བུམ་པ་ཅན་ཉིན་གྲངས་སོ་ལྔའི་ཉམས་ལེན།

བོད་ཟླ་དགུ་པ་ཕྱི་མའི་ཚེས་ ༢༩ ཉིན་སྟེ། ཕྱི་ཟླ་ ༡༢ ཚེས་ ༣ ཉིན་བར་རླུང་བུམ་པ་ཅན་གྱི་དབུ་བཟུང་། བདུན་ལྔ་པའི་ཉིན་དང་པོའི་ནངས་མོར་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་གྲུབ་མཐར། སྔར་བཞིན་ཀུན་མཁྱེན་ཤར་རྫ་པའི་རྩ་རླུང་གནད་ཀྱི་ཞལ་ཤེས་ལག་ལེན་གནང་སྟེ། ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་གི་གཞུང་ལྟར། བར་རླུང་བུམ་པ་ཅན་གྱི་ལུས་གནད་འཁོར་ལོ་བཞི་སྦྱོར་དང་། རླུང་གནད། ཁྱད་པར་གྱི་སྔོན་འགྲོ་མཚམས་བཅད་ཀྱི་རླུང་དང་། རླུང་དུག་བསལ་བ། རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་པའི་རླུང་གསུམ་ནི་འཇམ་རླུང་བར་རླུང་དྲག་རླུང་གསུམ་ག་ལ་རླུང་ཐུན་རེ་རེ་བཞིན་ཏུ་སྔོན་ཏུ་འགྲོ་དགོས་ཞེས་གསུངས་པ་ལྟར་བྱས་ནས། དམིགས་པའི་གནད་ཚངས་སྟངས་མེ་ཡི་དྲོད་སྤར་ཞིང་། ཐིག་ལེ་འབར་འཛག་བྱ་བ་སོགས་རླུང་སྦྱོར་རྔུབ་པ་དང་། དགང་བ། གཞིལ་བ། འཕེན་པ་སོགས་རླུང་སྦྱོར་བཞི་ལྡན་ཇི་བཞིན་ཞུས་ཏེ་རླུང་ཁུག་བརྒྱ་རྩ་བརྒྱད་ཟིན་ནས། ཐོར་ཐུན་ལ། ཞང་ཞུང་སྙན་བརྒྱུད་ལྟར་སྔར་གྱི་འཁྲུལ་འཁོར་བཅུ་གཅིག་གི་སྟེང་དུ། རོང་སྒོམ་རྟོག་མེད་ཞིག་པོས་མཛད་པའི་རྩ་བའི་གེགས་སེལ་འཁྲུལ་འཁོར་དྲུག་སྟེ། ངང་མོ་ཆུ་འཐུང་། འབྲོང་མོ་ཟུར་བརྡུང་། རྐྱང་མོ་ཉལ་སྟབས། ཁྲ་ཡི་རླུང་འཛིན། གླིང་བཞི་མཐར་སྒྲིལ། གླིང་བཞི་མཐའ་སྡུད་དང་དྲུག་བསྣན་ནས་ཚར་གཅིག་བྱས། དེའི་རྗེས་སྔ་ཐུན་གྱི་མཇུག་ཏུ་ཡང་ཨ་ཁྲིད་ལྟར་སྔར་གྱི་སྟོད་སྦྱོང་བདུན་གྱི་སྟེང་དུ་མགོ་སྦྱང་དྲུག་བསྣན་ནས་ཚར་གཅིག་བྱས། དེ་བཞིན་ཕྱི་ཐུན་ལའང་སྔར་བཞིན་སྙན་བརྒྱུད་གྱི་འཁྲུལ་འཁོར་རྣམས་དང་། སྲོད་ཐུན་ལ་ཨ་ཁྲིད་ཀྱི་འཁྲུལ་འཁོར་རྣམས་ཐོར་ཐུན་དང་སྔ་ཐུན་ལྟར་བྱས་ནས་བདུན་ལྔ་པ་གྲུབ།

དེའི་ཕྱི་ཉིན་བདུན་ཕྲག་དྲུག་པའི་ཉིན་དང་པོར། ནངས་མོའི་ཐོར་ཐུན་ལ་ཡང་། མ་རྒྱུད་གསོལ་འདེབས་དང་། ཁྱད་པར་གྱི་སྔོན་འགྲོ་དང་གནད་རྣམས་སྔར་བཞིན་ཞུས་ཤིང་རླུང་ཁུག་རྣམས་གྲུབ་མཚམས། ཞང་ཞུང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་སྔ་མ་རྣམས་ཀྱི་སྟེང་དུ། དཔོན་ཆེན་ལྷུན་གྲུབ་མུ་ཐུར་གྱིས་མཛད་པ་ཡན་ལག་རྩ་བའི་འཁྲུལ་འཁོར་ལྔ་སྟེ། འབྱུང་བཞི་རང་འབེབས། རྨ་བྱ་ཆུ་འཐུང་། སྡོང་བོ་བཞི་འདུས། སྟེང་འོག་བཞི་སྒྲིལ། རྒྱུ་མདུད་བཞི་རྡེག་དང་ལྔ་བསྣན་ནས་བྱས། སྔ་ཐུན་ལ་ཨ་ཁྲིད་ལྟར་སྔར་གྱི་དེ་དག་སྟེང་དུ་ལུས་སྦྱོང་བཅུ་གཅིག་བསྣན་ནས་བྱས། དེ་བཞིན་ཕྱི་ཐུན་ལ་སྙན་བརྒྱུད་ཀྱི་འཁྲུལ་འཁོར་དེ་དག་དང་། སྲོད་ཐུན་ལ་ཨ་ཁྲིད་ལྟར་བྱས་ནས་དེ་ལྟར་བདུན་ཕྲག་གཉིས་སྦྱངས་ཏེ་བདུན་ཕྲག་བདུན་པ་ཡོངས་སུ་གྲུབ་པར་བྱས།

དེ་ནས་བདུན་བརྒྱད་པའི་ཉིན་དང་པོ་སྟེ། སྔར་བཞིན་མ་རྒྱུད་གསོལ་འདེབས་དང་། རླུང་ཁུག་རྣམས་གྲུབ་མཐར་ནངས་མོའི་ཐོར་ཐུན་ལ། ཞང་ཞུང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་སྔ་མ་རྣམས་ཀྱི་སྟེང་དུ། དཔོན་ཆེན་ལྷུན་གྲུབ་མུ་ཐུར་གྱིས་མཛད་པ་ཡན་ལག་རྩ་བའི་གེགས་སེལ་ལྔ་སྟེ། ཁྱུང་ཆེན་གཤོག་རྡེབ། རྨ་བྱ་ཆུ་སྤྲུགས། བཞི་འདུས་མཐའ་སེལ། ཨེ་ནའི་ཟུར་འགྲོས། ཤ་རའི་ཟུར་སྤྲུགས་བཅས་དང་། རྗེ་འོར་སྒོམ་ཀུན་འདུལ་གྱིས་མཛད་པའི་བྱེ་བྲག་འཁྲུལ་འཁོར་ལས་ཡན་ལག་སོ་སོའི་གེགས་སེལ་ལྔ་ནི། མགོ་རིལ་མགོ་ལྕོག རོ་སྟོད་གྱི་ལིང་སྒྲོག་འཆིང་། ལག་པ་ཕོ་རོག་སྡེར་འཛིང་། རྐེད་པ་ཕོ་བ་རྡོ་རྗེ་རང་འཁོར། རྐང་པ་རྔ་མོང་འདོར་སྟབས་དང་བཅུ་བསྣན་ནས་བྱས། སྔ་ཐུན་ལ་ཨ་ཁྲིད་སྔ་མ་དེ་དག་གི་སྟེང་དུ་སྨད་སྦྱོང་བཅུ་བསྣན་པོ་བྱས། དེ་བཞིན་ཕྱི་ཐུན་ལ་ཡང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་རྣམས་དང་། སྲོད་ཐུན་ལ་ཨ་ཁྲིད་ཀྱི་འཁྲུལ་འཁོར་རྣམས་བྱས་ནས་བདུན་གཉིས་བྱས་པའི་བདུན་དགུ་པའོ། །དེ་ལྟར་བར་རླུང་ལ་ཉིན་རེར་ཐུན་བཞི་དང་། ཐུན་རེ་ལ་ཆུ་ཚོད་གཅིག་དང་སྐར་མ་ཞེ་ལྔ་རེ་བྱས་ནས་ཉིན་གྲངས་སོ་ལྔ་ལ་བར་རླུང་རྫོགས་པར་བྱས།

༣༽དྲག་རླུང་མེ་དཔུང་མ་ཉིན་གྲངས་སོ་བདུན་གྱི་ཉམས་ལེན།

བོད་ཟླ་བཅུ་གཅིག་པའི་ཚེས་ ༥ ཉིན་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༧ ཉིན། རྩ་རླུང་ཞག་བརྒྱའི་ཉིན་གྲངས་ ༦༤ པ། བདུན་ཕྲག་བཅུ་པའི་ཉིན་དང་པོའི་ནངས་མོར་ཡང་ཐོག་མར་མ་རྒྱུད་གསོལ་འདེབས་དང་། དེ་ནས་ལུས་གནད་ལ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས་གསུངས་པ་ལྟར་ལུས་སྦྱོང་དྲུག་བྱ་བ་དང་། གཉིས་ལ་རླུང་གནད་ལ་སྔར་ལྟར་ཁྱད་པར་གྱི་སྔོན་འགྲོ་ལྟར་རླུང་རོ་དགུ་ཕྲུག་སོགས་བྱས། གསུམ་པ་དམིགས་པའི་གནད་ལ། གསེར་ཐུར་ལས། ལྟེ་བ་རྃ་ལས་མེ་འབར་བ། །སྤྱི་བོ་ལ་སོང་ཧྃ་ལ་རེག །བདུད་རྩི་ཞུ་སྟེ་མེ་ནང་བབ། །འཁོར་ལོ་ལྔ་པོ་མེ་ཡིས་གང་། །ཞེས་པས། རླུང་སྦྱོར་བཞི་ལྡན་བྱས་ནས་གཏུམ་མོ་ཡེ་ཤེས་མེ་དཔུང་མའི་གཞུང་ལྟར། ཐིག་ལེ་བཅུ་དྲུག་དགའ་བཞིའི་རྣམ་པར་རོལ་ཞེས་པ་ལྟར་བྱས་ནས་རླུང་ཐུན་གཅིག་ལ་རླུང་ཁུག་བརྒྱ་རྩ་བརྒྱད་ཟིན་པར་བྱས་ནས། ཐོར་ཐུན་ལ་ཞང་ཞུང་སྙན་བརྒྱུད་ཀྱི་འཁྲུལ་འཁོར་སྔ་མ་རྣམས་ཀྱི་སྟེང་དུ། བྱེ་བྲག་གི་འཁྲུལ་འཁོར་ཐུན་མོང་གེགས་སེལ་བདུན་ལས། ཡང་སྟོན་ཤེས་རབ་རྒྱལ་མཚན་གྱིས་མཛད་པར་གྲགས་པ། རྒྱ་མཚོ་གཏིང་སྤྲུགས། རྒྱ་མདུད་དགུ་དཀྲོལ། རྩ་འདུལ་རྩ་བཀྲོལ་དང་། ཡང་སྟོན་གྱི་སྲས་དམ་པ་འབུམ་རྗེས་མཛད་པ། རྒྱ་མོ་དར་འཐག་དང་པོ། གཉིས་པ། གསུམ་པ། རྗེས་སྤྲུགས་ནོར་བུ་འཕར་ལེན་དང་བདུན་བསྣན་ནས་བྱས། སྔ་ཐུན་ལ་ཡང་ཨ་ཁྲིད་ཀྱི་འཁྲུལ་འཁོར་སྔ་མ་རྣམས་ཀྱི་སྟེང་དུ་རྐང་སྦྱོང་བདུན་བསྣན་ནས་འཁྲུལ་འཁོར་བཞི་བཅུ་ཆ་ཚང་བར་བྱས། དེ་བཞིན་ཕྱི་ཐུན་ལ་སྙན་བརྒྱུད་འཁྲུལ་འཁོར་ཆ་ཚང་དང་།  སྲོད་ཐུན་ལ་ཨ་ཁྲིད་ཀྱི་འཁྲུལ་འཁོར་རྣམས་ཆ་ཚང་བར་བྱས། དེ་ལྟར་བདུན་ལྔ་དང་ཞག་གཉིས་རིང་ཉིན་རེར་ཐུན་བཞི་དང་ཐུན་རེར་ཡུན་ཚད་ཆུ་ཚོད་གཉིས་རེ་བྱས་ནས་དྲག་རླུང་ཉིན་གྲངས་སོ་བདུན་རྫོགས་པར་བྱས།

དེ་ལྟར་ཞག་བརྒྱའི་རིང་ཉིན་རེ་རེར་ཐུན་མགོ་རྣམས་སུ་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་ཐུན་མཇུག་ཏུ་བསྔོ་སྨོན་བསྡུས་པ། ཐོར་ཐུན་རྣམས་ཀྱི་རྗེས་སུ་བསང་དང། སྔ་ཐུན་གྱི་རྗེས་བླ་མ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་ཚར་རེ་དང་བསྙེན་པ་བསགས་སྒྲུབ། སྲོད་ཐུན་རྗེས་བཀའ་སྐྱོང་བསྐུལ་བ་དང་སྨོན་ལམ་རྣམ་གསུམ། དགོང་ཐུག་རྗེས་ཨ་དཀར་ཞི་གཅོད་སོགས་ཉིན་ལྟར་ཆད་མེད་དུ་ཞུས་ནས་ཞག་བརྒྱ་ཐམ་པ་ཚང་བར་བྱས་པ་ཡིན།

ཆུ་རས་སྐམ་ཚུལ།

ཐུན་མོང་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལས། ཆུ་རས་བྱེད་ན་ཆུ་ཁོལ་བ་གྲང་དུ་བཅུག་ལ། ནངས་པར་སྔ་མོར་ཁ་ཟས་མ་བསྟེན་པར་འཁྲུལ་འཁོར་བཞི་བཅུ་པ་ཚར་གཅིག་བྱ་ལ་རླུང་ལྔ་རང་གནས་སུ་ཚུད་པར་བྱེད། དེ་ནས་རས་གཟན་དྲི་མ་མེད་པ་ཆུ་ནང་དུ་དྲངས་ལ་བཙིར། གྲོགས་ཤིག་ལ་མགོ་ལུས་མེད་པར་ཐམས་ཅད་ཐུམ་བུར་དཀྲིར་བཅུག དྲག་རླུང་མེ་དཔུང་མ་ལྟར་འབད་པའི་རླུང་ཁུག་བརྒྱ་རྩ་བརྒྱད་ལ། རབ་དགུ། འབྲིང་ལྔའམ་དྲུག ཐ་མས་གསུམ། ཡང་ཐས་ཀྱང་གཅིག་ངེས་པར་སྐམ་ནུས་སོ། །ཚ་ཆེས་ན་བུམ་པ་ཅན་དང་ཟ་མ་ཏོག་གི་རླུང་ཙམ་དུ་ཀློད་ཤེས་པར་བྱ། ཚར་ནས་ཟས་བཅུད་ཅན་བརྟེན་ལ་བསྐུ་མཉེ་ཡང་ཡང་བྱའོ། །ཞེས་གསུངས་པ་ལྟར། གཏུམ་མོ་སྒྲུབ་མཚམས་ཀྱི་ཞག་བརྒྱའི་བདུན་ཕྲག་མཐའ་མར།

གདན་ས་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ཆེད་དུ་གདན་ཞུས་ལྟར། བཀའ་དྲིན་ཞབས་སོར་འཁོད་ནས་དབུ་བཞུགས་ཐོག སྒྲུབ་གྲྭའི་དགེ་རྒན་དགེ་བཤེས་སེམས་དཔའ་རྒྱལ་མཚན་གྱིས་གོ་སྒྲིག་གནང་སྟེ། ཕྱི་ཟླ་གཉིས་པའི་ཚེས་དྲུག་དང་བདུན་གཉིས་ཀྱི་ཐོ་རེངས་ལ་སྒྲུབ་མཚམས་པ་ཞལ་གྲངས་བཅུ་དགུ་ཡོད་པ་རྣམས་ཀྱིས་རེས་མོས་བྱས་ནས་གཏུམ་མོ་ཡེ་ཤེས་མེ་དཔུང་མའི་གཞུང་ལྟར་ཆུ་རས་ཚར་གསུམ་རེ་རྟེན་འབྲེལ་གྱི་སྐམ་པར་བྱས་ནས་སྨོན་ལམ་བཀྲ་ཤིས་ཀྱིས་མཐར་གྲུབ་པར་མཛད།

དེ་ནས་ཕྱི་ཟླ་གཉིས་པའི་ཚེས་ ༨ ནས་ ༡༠ བར་ཉིན་གསུམ་གྱི་རིང་ལ་རྩ་རླུང་ཐིག་ལེ་དང་འཁྲུལ་འཁོར་རྣམས་ཞལ་ཤེས་ལྟར་ཕབ་འཕྲི་ཞུས་ནས་ཡོངས་སུ་གྲུབ་པར་མཛད། ཚེས་ ༡༡ ཉིན་གྱི་ཕྱི་དྲོར་གཏོར་བཟོ་སོགས་བྱས་ཏེ། ཚེས་ ༡༢ ཉིན། ཞང་ཞུང་མེ་རི་བླ་མ་ཡི་དམ་མགོན་པོ་དབྱེར་མེད་ཀྱི་སྒྲུབ་གཞུང་གི་གཏང་རག་ཚོགས་མཆོད་རྒྱས་འབུལ་ཞུས་ཤིང་། ཕྱི་ཉིན་ནས་བཅུད་ལེན་ལ་སྡོད་རྒྱུའི་སྟ་གོན་ཞུས།

བཅུད་ལེན་ཐར་བའི་རྒྱགས་ཕྱེ་ཉམས་སུ་བླངས་པ།

དེ་ཡང་བཅུད་ལེན་གྱི་གདམས་པ་དམར་ལ་ཟབ་པ་དེ་ཉམས་སུ་ལེན་དགོས་པ་ལྟར། རྩ་རླུང་གཏུམ་མོའི་ཕན་ཡོན་ལས། བཅུད་ལེན་ནུས་པ་བསྐྱེད་པའི་བདུད་རྩི་ཟས། ཞེས་གསུངས་པ་ལྟར། རྩ་རླུང་གི་ཉམས་ལེན་ནི་བཅུད་ལེན་གྱི་ཟས་ཡིན་པར་བཞེད་ཡོད་པ་དེ་བཞིན། བཅུད་ལེན་ལ་ཡང་། སྐུ་གསུམ་བཅུད་ལེན་ཐར་བའི་རྒྱགས་ཕྱེ་ལས། སྐུ་གསུམ་གྱི་བཅུད་ལེན་རབ་འབྲིང་ཐ་དགུ་ཡོད་པ་སྟེ། རབ་བོན་སྐུའི་བཅུད་ལེན་གསུམ་ནི། རབ་རླུང་ཁོ་ན་ལ་བརྟེན་པ་དང་། འབྲིང་ཆུ་ལ་བརྟེན་པ། ཐ་མ་ཆུ་ཚ་ལ་བརྟེན་པ་དང་གསུམ། འབྲིང་རྫོགས་སྐུའི་བཅུད་ལེན་ལ་ཡང་རབ་སྨན་མཆོག་ལ་བརྟེན་པ་དང་། འབྲིང་རིལ་བུ་ལ་བརྟེན་པ། ཐ་མ་ཅོང་ཞི་ལ་བརྟེན་པ་དང་གསུམ། ཐ་མ་སྤྲུལ་སྐུའི་བཅུད་ལེན་ལ་ཡང་རབ་འོ་ཐུག་ལ་བརྟེན་པ་དང་། འབྲིང་ཟྭའུ་ལ་བརྟེན་པ། ཐ་མ་བག་རིལ་ལ་བརྟེན་པ་དང་གསུམ། གཞན་ཡང་། རྩྭ་ཡི་བཅུད་ལེན། ཤིང་གི་བཅུད་ལེན། མེ་ཏོག་བཅུད་ལེན། སའི་བཅུད་ལེན་སོགས་ཡོད་པ་ལས།

དེ་ཡང་བཅུད་ལེན་ཐར་བའི་རྒྱགས་ཕྱེ་ལས། དང་པོ་སྤྲུལ་སྐུའི་བཅུད་ལེན་བག་རིལ་ལ་བརྟེན་པ་བདུན་གསུམ་མམ་གཉིས། དེ་བཞིན་རིམ་གྱིས་བོན་སྐུའི་བཅུད་ལེན་རླུང་ལ་བརྟེན་པའི་བར་དུ་བསླབ་པའོ། །ཞེས་གསུངས་པ་ལྟར། སྔོན་འགྲོའི་ཆ་རྐྱེན་རྣམས་ཚང་བར་བྱས་ཏེ། བཅུད་ལེན་གྱི་རྫས་དང་བཅའ་ཀ་རྣམས་བསགས། ཚོགས་ཀྱི་འཁོར་ལོ་རྒྱས་པ་བསྐོར། མཚམས་དམ་དུ་བཅད། དེ་ནས་སྒྲིབ་སྦྱང་གཞུང་ལས་གསུངས་པ་བཞིན་སྒོམ་བཟླས་རྣམས་གྲུབ་ནས་དངོས་གཞི་ལྟར་ལུས་གནད་དང་། རླུང་གནད། དམིགས་པའི་གནད་བྱས་ནས་བོན་སྐུའི་བཅུད་ལེན་རླུང་ལ་བརྟེན་པར་ཉིན་ཞག་བདུན་ལ་བྱས་ནས་ཕྱི་ཟླ་གཉིས་པའི་ཚེས་ ༡༦ ཉིན་གྱི་ཞོགས་པར། ལྷ་རྒྱལ་གསོལ་ཞིང་། བཀྲ་ཤིས་དང་གཤེགས་བསྐྱོད་ཞུས་ནས་མཐར་ཞལ་དགེ་བར་གྲུབ་པར་བྱས་སོ། །

དེ་ལྟར་གཏུམ་མོ་ཉམས་ལེན་རྩ་རླུང་ཞག་བརྒྱའི་ཉིན་རེའི་འགྲོ་རིམ་སོགས་རང་གི་ཉིན་ཐོར་བཀོད་པ་གཞི་བྱས་ནས་གནས་བསྡུས་རེག་ཟིག་ཙམ་དུ་དགེ་བཤེས་གྱེར་ནག་ཚང་དུ་འབོད་པས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༩ ལ་གུ་གེ་རིས་སུ་ཧྲུད་པར་བགྱིས་པ་ཐ་ཚན་མུ་ཙུག་སྨར་རོ།།

བཀའ་དྲིན་ཆེ་ཞུ།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གིས་ཐུགས་འཁུར་འོག རྩ་རླུང་ཞག་བརྒྱར་མཐུན་རྐྱེན་བླ་མེད་སྦྱར་གནང་བ་ལ་སྒྲུབ་བཞུགས་པ་ཐུན་མོང་ནས་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བ་དང་། དེ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཆེད་དུ་ཕེབས་ནས་བྱིན་རླབས་ཀྱི་བཀའ་དྲིན་བསྩལ་གནང་བ་དང་། དེ་མིན་ལི་ཤུ་བོན་ཚོགས་ཀྱི་འགན་འཛིན་དགེ་བཤེས་ཐུབ་བསྟན་རྒྱལ་མཚན་གཙོས་ལས་བྱེད་ཡོངས་དང་མ་བྱན་བཅས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ་དང་། ཁྱད་པར་དུ་སྒྲུབ་གྲྭའི་དགེ་རྒན་དགེ་བཤེས་སེམས་དཔའ་རྒྱལ་མཚན་མཆོག་དང་། གཞན་ཡང་ཞལ་འདེབས་དང་གུང་ཚིགས་ཀྱི་སྦྱིན་བདག མདོར་ན། ཞག་བརྒྱའི་རིང་ལ་རྒྱབ་སྐྱོར་དང་རོགས་འདེགས་ཆེ་ཕྲ་ཆུང་གསུམ་སྦྱར་གནང་མཁན་ཡོངས་ལ་ངེད་སྒྲུབ་བཞུགས་པ་ཀུན་འདུས་ནས་ཞེ་ཐག་པ་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

ལི་ཤུའི་བོན་ཚོགས།

ལི་ཤུ་སློབ་གཉེར་ཁང་ནི། བྱང་ཨ་མེ་རི་ཀར་གནས་བཞུགས་ལིག་མི་རྐྱའི་བོན་ཚོགས་ཀྱི་དབུ་འཛིན་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་རྡེ་ར་ཊུན་(Dehradun)དུ་ཕྱག་བཏབ་གནང་བའི་གཡུང་དྲུང་བོན་གྱི་སྐོར་ལ་སློབ་གཉེར་དང་ཉམས་ལེན་གནང་སའི་བོན་ཚོགས་ཤིག་ཡིན། བོན་ཚོགས་ཀྱི་གནས་ཚུལ་རྒྱས་པ་གཤམ་གྱི་དྲ་ཐོག་ནས་གཟིགས་ཐུབ་པས་དེ་ལུགས་དགོངས་འཇགས་ཞུ། https://www.himalayabon.com/monastery/school/2018-07-24/1292.html

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

༧སྨན་རིའི་སྒྲུབ་གྲྭ་གཡུང་དྲུང་བོན་གྱི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་དང་པོའི་གཏུམ་མོ་ཉམས་ལེན་རྩ་རླུང་ཞག་བརྒྱའི་གནས་བསྡུས།