གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ མ་མཆོག་སྲིད་པའི་རྒྱལ་མོའི་གསེར་སྐུ་རབ་གནས་ཀྱི་གནས་ཚུལ་བསྡུས་པ།

   ཕྱི་ལོ་ ༢༠༢༢ ཟླ་བ་ ༣ ཚེས་ ༧ བོད་ཆུ་སྟག་ལོའི་ཟླ་བ་ ༡ ཚེས་ ༥ གཟའ་ཟླ་བ་སྟེ། ༧ རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་མཆོག་འགྲོ་བ་མིའི་རང་གཟུགས་སུ་བྱོན་ནས་མི་ལོ་ ༦༦༦ འཁོར་བའི་དཔྱིད་རའི་ཚེས་བཟང་དུས་ཁྱད་པར་དང་བསྟུན་རབ་གནས་མཛད་སྒོ་སྤེལ་བ། སྔ་དྲོ་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཡས་མས་སུ་ ༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་བོན་འབངས་ཡོངས་ཀྱི་དབུ་ཁྲིད་བླ་ཆེན་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་རིན་པོ་ཆེ་མཆོག་དང་། སྨན་རིའི་གྲྭ་ཚང་དབུ་མཛད་གཙོས་པའི་བླ་གྲྭ་འགའ་ཕེབས་ཏེ། དང་པོ་མཚམས་བཅད་དང་དག་པར་ཁྲུས་མཛད་ནས་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་གིས་གསལ་བའི་མར་མེ་ཞལ་ཕྱེ་འདེགས་འབུལ་གནང་བ་དང་མར་མེ་རྒྱལ་མཚན་ལས་སྤྱན་འདྲེན་བྱིན་རླབས་དང་སྦྲག་ཡོད། དེ་ནས་རབ་གནས་ཆོ་ག་རིམ་པ་སྤེལ་ཏེ་མཐའ་བཀྲ་ཤིས་དང་ལྷ་རྒྱལ་གསོལ་ཞིང་། ཕྱེ་མ་དཀར་པོ་ཕྱག་ཏུ་བསྣམས་ནས་བསྭོ་སྒྲ་བསྒྲོགས་ནས་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་འབོད་སྒྲ་བཅས་དང་མཐའ་བསྡུས་པའོ། །

སྲིད་པའི་རྒྱལ་མོའི་གསེར་སྐུ་དང་འབྲེལ་ངོ་སྤྲོད་མདོར་བསྡུས།

དང་པོ་གསེར་སྐུ་འདི་ཉིད་ཀྱི་མཆོད་ཡོན་བྱུང་ཚུལ།

     ཕྱི་ལོ་ ༢༠༢༡ ནང་ཀུན་གྲོལ་སྤྲུལ་སྐུ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་ནས། ཧོར་སྦྲ་ཆེན་ནས་ཡིན་པའི་རྨ་རོང་བུ་གཡང་རྒྱ་མཚོ་བྱ་བ་ཚོང་པ་ཆེན་པོ་ཁོང་ལ། སྲིད་རྒྱལ་གསེར་སྐུ་འདི་ཉིད་རྒྱལ་བ་སྨན་རི་ཚང་དང་འབྲེལ་བ་ཡོད་ལུགས་དང་བླུ་ཉོ་དགོས་པའི་རེ་སྐུལ་འདོན་པ་བཞིན་ཁོང་གིས་ཞལ་བཞེས་བྱུང་སྟེ་བླུ་ཡོན་ཆ་ཚང་གནང་བ་རེད། ཚོང་པ་ཆེན་པོ་ཁོང་ནི་སྤྱི་བོན་པོ་ལ་ལ་རྒྱ་དང་ལྷག་བསམ་ཡོད་ཅིང་ལྷག་པར་དུ་རྒྱལ་བ་སྨན་རི་ཚང་ལ་དད་གུས་ཆེན་པོ་ཡོད་པ་དང་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་བཞི་པ་གཙོས་པའི་༧ སྨན་རིའི་མཁན་སློབ་རྣམས་ལ་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་པ་ནི་ཁོ་བོ་སྨན་རིའི་སྒྲུབ་ཁང་ཨ་མཆོད་ཡིན་པ་དང་གསེར་སྐུ་འདི་ལ་གཟུངས་གཞུག་གི་ལག་ལེན་བྱ་རྒྱུ་གོ་སྐབས་ཐོབ་པའི་བརྒྱུད་རིམ་ནང་དུ་ཤེས་སོང་། 

        ཕྱི་ལོ་ ༢༠༢༡ ཟླ་བ་ ༨ ཚེས་ ༡༤ བོད་ཟླ་ ༧ ཚེས་ ༦ གཟའ་སྤེན་པ་སྔ་དྲོ་དུས་ཚོད་དགུ་དང་སྐར་མ་ལྔ་བཅུ་ཐོག་༧ སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་དངོས་སུ་འབྱོར་ཡོད་པས། དེ་ཡང་བལ་ཡུལ་ནས་རྒྱ་གར་སྨན་རིའི་དགོན་བར་དུ་སྐྱེལ་འདྲེན་གྱི་མཛད་འགན་ནི་ཀུན་གྲོལ་སྤྲུལ་སྐུས་བཀའ་བཀོད་ལྟར་འུམ་གློ་ཚེ་དབང་ནོར་བུ་ལགས་ཀྱིས་ཆ་ཚང་ཁུར་གནང་ཡོད། དེ་ཉིན་རང་སྒྲུབ་ཁང་ནང་གི་གཡོན་ཟུར་ཞིག་ཏུ། དགེ་བཤེས་དང་སློབ་གཉེར་བ་འགས་རོགས་པར་བརྟེན་སྐུ་འདྲའི་ལྷུ་ལག་ཆ་ཚང་བསྒྲིགས་ནས་གནས་སྐབས་སུ་ལེགས་པར་བཤམས་པ་དང་།      ༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ཆེད་ཕེབས་གནང་སྟེ་གཟིགས་རྟོག་གནང་བ་དང་ཁ་དོག་སྣ་ལྔའི་དར་དྲངས་ནས་སྤྱི་གཡུང་དྲུང་བོན་རིན་པོ་ཆེ་དང་། སྒོས་སུ་རྒྱལ་བ་སྨན་རི་བའི་བསྟན་པ། དེ་བཞིན་ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ལ་ཕན་བདེའི་འཕྲིན་ལས་རྒྱས་པའི་རྟགས་དང་རྟེན་འབྲེལ་འཛོམས་པའི་གསོལ་འདེབས་སྨོན་ལམ་སྩལ་གནང་མཛད། དེ་ལྟར་དུ་ཡོན་བདག་དང་འབྲེལ་ཡོད་རྣམས་ལ་འབྱོར་ལན་ཕུལ་བའོ། ། 

གཉིས་པ། གཟུངས་རྫོང་དང་རྫས་རྣམས་ཇི་ལྟར་བསགས་སྒྲུག་སྐོར།

        ཕྱི་ལོ་༢༠༢༡ ཟླ་བ་ ༩ ཚེས་ ༧ བོད་ལྕགས་གླང་གི་བོད་ཟླ་ ༨ ཚེས་ ༡ ནས་འགོ་བརྩམས་ཏེ་གཟུངས་རྫོང་དང་གཟུངས་གཞུག་གི་རྫས་རིགས་བསགས་སྒྲུག་བྱ་རྒྱུ་འགོ་བརྩམས་པ་དང་། གཟུངས་རྫོང་ནི་ཀུན་མཁྱེན་ཉི་མས་མཛད་པའི་ «རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་རྫོང་དགོས་འབྱུང་གཏེར་གྱི་མཛོད་ཆེན་» ལས་གཟུངས་སྔགས་རྒྱས་འབྲིང་བསྡུས་གསུམ་ལས་འབྲིང་པོ་དང་བསྡུས་པ་གཉིས་ཡིག་བཏགས་བྱས་ཏེ། ཞུ་དག་ཚར་གསུམ་ཙམ་བྱས་མཐའ་ཚོན་དམར་གྱིས་དཔར་བཏབ་པ་དང་། སྨན་སོགས་རྫས་ནི། ཤུག་པ། སྨན་སྣ་དང་། འབྲུ་སྣ། རིན་ཆེན་རིགས། གོས་ཆེན་འདྲ་མིན། རྟགས་བརྒྱད་ནོར་བདུན། གནོད་སྦྱིན་ཕོ་འཁོར་མོ་འཁོར། སྡེ་བརྒྱད་དྲེགས་གནོན། དུག་གསུམ་གནོན་པ། མཆོད་པ་རྣམ་ལྔ། དབལ་གསས་དང་སྲིད་པའི་རྒྱལ་མོའི་སྒྲུབ་སྐོར་གྱི་གསུང་པོད་དང་། བསྟོད་པ་རྣམ་རྒྱལ་ཁང་བཟང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་འདོན་ཆ་ཚང་གི་གསུང་པོད་དང་། 

             དམིགས་བསལ་༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་སྩལ་བའི་བྱིན་ཅན་གྱི་རྟེན་ཕུན་སུམ་ཚོགས་པ་གནང་བ་སྟེ། ༧ རྗེ་རིན་པོ་ཆེའི་ཕྱག་འཕྲེང་བྱིན་ཅན་འཕྲེང་རྡོག་གཅིག་དང་། རྩེ་ཞྭ་ཉི་ཚིག་མའི་རྫས། གཡུང་དྲུང་གླིང་གི་རྟེན་གཙོ་སྟོན་པའི་ཐུགས་ཀ་ལས་བྱུང་བའི་སྟོན་པའི་འཕེལ་གདུང་། དམ་རྫས་སྨན་སྣ། དྲང་སྲོང་སྐྱེ་བདུན་གྱི་སྐུ་ཤ། ༧ སྨན་རིའི་ཁྲི་འཛིན་སོ་གསུམ་པ་སྐྱབས་རྗེ་ཞིང་ཁམས་པའི་གདུང་རུས། གསེར་དང་དངུལ་དོ་ལ་རེ། གཡང་རྫས་སྣ་ཚོགས། ཏི་སེའི་རིང་བསྲེལ། སྨན་དཀོན་གྱི་ཆུ་དངོས་གྲུབ་ཀྱི་རྡོ། རྟ་རྒོད་དང་ཆུ་མིག་ ༡༠༨ ཀྱི་ས་སྣ། གངས་ཏི་སེའི་སྤོས། གནས་ཆེན་བྲག་བྱ་རྒོད་དང་དམུ་རིའི་གནས་ཀྱི་བསང་། མུ་ཏིག་འཕྲེང་རྡོག་བཞི། གཡུ་འཕྲེང་རྡོག་བཞི། བྱུ་རུ་འཕྲེང་རྡོག་གཉིས། ཤེལ་རྒོད་མཐོ་གང་ཅན་གཅིག ཤེལ་རྡོག་ཕྲ་འཇོག་ཅན་ཡག་པོ་གཅིག མགྲོན་བུ་ལྔ། རྒྱལ་ཁབ་འདྲ་མིན་གྱི་དངུལ་ཤོག་དང་བཅས་གནང་བ་དང་།  དེ་བཞིན་ཁྱུང་ཡེ་ཤེས་རྒྱལ་བ་ནས་མེ་སྟོན་རྟེན་གསུམ་ལས་བྱུང་བའི་དྲང་སྲོང་སྐྱེ་བདུན་གྱི་འཕེལ་གདུང་གཅིག་ཕུལ་འབྱོར་བྱུང་བ་དང་བཅས་ཡོད།

         ཕྱི་ལོ་ ༢༠༢༢   ཟླ་བ་ ༢ ཚེས་ ༤  བོད་ལྕགས་གླང་གི་ཟླ་བ་ ༡༢  ཚེས་  ༤   འབྱུང་འཕྲོད་ས་གཉིས་འཕྲད་པའི་ཚེས་བཟང་གི་དུས་དང་བསྟུན་གཟུངས་རྫོང་དཀྲི་རྒྱུ་འགོ་བརྩམས་པ་སྟེ། དཔར་བསྐྲུན་བྱས་པའི་གཟུངས་སྔགས་ལ་སྨན་བཟང་དབྱུག་ཅིང་། ཡིག་འཕྲེང་རེ་རེ་བཞིན་འདྲ་ནས་འབྱར་ཏེ། སྡེ་ཚན་སོ་སོ་མ་ནོར་བར་བྱས་ནས་ཉིན་བཞིའི་རིང་དུས་ཚོད་བཞི་ལྔ་ཙམ་ལ་དཀྲིས་པ་དང་། 

        ཚེས་བཟང་དེའི་ཉིན་ལ་བོད་ཤོག་ངོས་ལ་རིན་ཆེན་གསེར་ཞུན་གྱིས་སྤྱི་སྤུངས་དབལ་གསས་རྔམ་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྙིང་པོ་ཚར་གཉིས་རེ་དང་སྲིད་པའི་རྒྱལ་མོའི་ཕྱི་ནང་གསང་གསུམ་གྱི་སྙིང་པོ་དང་། འདོད་གསོལ་དང་སྨོན་ལམ། དབང་པོའི་སྙིང་པོ། རྒྱན་ཆའི་སྙིང་པོ་རྣམས་ «རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་» ལྟར་བྲིས་པའི་མཇུག་ཏུ་ན་“ཐ་ཚན་མུ་ཙུག་སྨར་རོ་”ཞེས་པའི་ཞང་ཚིག་འདི་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་གིས་ཕྱག་བྲིས་གནང་བའི་ཉིན་མོ་དེར། གདན་ས་སྨན་རིའི་གླིང་དུ་ཁ་བའི་འདབ་མ་ཡིད་དུ་འོང་བ་ལྷུག་ལྷུག་ཏུ་བབས་ནས་རི་ལུང་ཐམས་ཅད་གངས་ཀྱིས་ཁེངས།  དེ་བཞིན་ཉིན་རྒྱབ་དད་སྦྱིན་བདག་པོ་རྨ་རོང་བུ་གཡང་རྒྱ་མཚོ་ལགས་དང་ཚ་རོང་ཕུན་ཚོགས་བློ་གྲོས་སམ་ཞང་བོད་གྱེར་ཕྲུག་གི་སྐད་འཕྲིན་བརྒྱུད་ནས་བརྙན་ལམ་དུ་ཁ་བརྡ་བྱུང་།  ཁོང་དང་གཟུངས་གཞུག་འབུལ་བའི་ལས་ཀ་འགོ་བརྩམས་ཉིན་རང་ལ་ཕན་ཚུན་ཁ་བརྡ་བྱུང་བ་ནི་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་བཟང་པོ་ཞིག་ཏུ་གྱུར། 

          ཕྱི་ལོ་ ༢༠༢༢  ཟླ་བ་ ༢ ཚེས་ ༡༡  བོད་ལྕགས་གླང་གི་ཟླ་བ་ ༡༢  ཚེས་  ༡༠  གཟུངས་རྫོང་དཀྲིས་ཚར་བ་དང་གཏེར་བུམ་དང་ཡོ་བྱད་ཅི་དགོས་རིགས་རྣམས་  «རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་» གི་གཞུང་ལྟར་བསགས་སྒྲུག་ཚར་རྗེས་སློབ་གཉེར་བ་གྲྭ་བ་ལྔ་ཡིས་ཉིན་ཞག་གཅིག་ལ་རྣམ་རྒྱལ་བུམ་སྒྲུབ་གནང་ཡོད། དེའི་ཉིན་༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་ཆེད་དུ་གདན་འདྲེན་ཞུས་ཏེ་ཕེབས་གནང་བ་དང་། རིན་པོ་ཆེ་ལ་ཕྲན་སྒྲུབ་ཁང་ལྷ་མཆོད་ནས་ཡོ་བྱད་རྫས་རྣམས་དང་ལས་ཀའི་བརྒྱུད་རིམ་བཅས་ངོ་སྤྲོད་ཞུས་མཐའ་རིན་པོ་ཆེ་མཆོག་ཉིད་ཐུགས་དགྱེས་ཤིང་ཡི་རངས་སྔགས་བརྗོད་གནང་སོང་ལ། རྟེན་བྱིན་ཅན་རྫས་མང་པོ་གནང་བ་ལས་གཡུང་དྲུང་གླིང་གི་རྟེན་གཙོ་སྟོན་པའི་ཐུགས་ཀ་ལས་བྱུང་བའི་སྟོན་པའི་འཕེལ་གདུང་རྩ་ཆེན་གཅིག་གནང་ཡོད། དེ་ནི་སྲིད་པའི་རྒྱལ་མོའི་གསེར་སྐུའི་ཐུགས་ཀ་རུ་བཞག་ཡོད།

      ཕྱི་ལོ་ ༢༠༢༢  ཟླ་བ་ ༢  ཚེས་ ༡༣ དགོང་མོར༧ སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གདན་དྲངས་ཏེ། «རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག་» ལྟར་ལིང་ཁྲུས་གསོལ་བ་དང་འགུག་གཞུག་ལྷ་དབྱེ་སོགས་སྟོད་ལས་སྤྱི་ལྟར་བྱ་དགོས་གསུངས་པ་ལྟར་བྱས།

           ཕྱི་ལོ་  ༢༠༢༢  ཟླ་བ་  ༢  ཚེས་ ༡༤  བོད་ལྕགས་གླང་གི་ཟླ་བ་  ༡༢  ཚེས་  ༡༣  འབྱུང་འཕྲོད་ཆུ་གཉིས་འཕྲད་པའི་ཚེས་བཟང་གི་དུས་བསྟུན་སྔ་དྲོ་དུས་ཚོད་དྲུག་དང་ཕྱེད་ཀ་ནས་འགོ་བརྩམས་པ་ལ། ཀུན་མཁྱེན་ཉི་མས་མཛད་པའི་ «རྟེན་གྱི་གཟུངས་གཞུག་འབུལ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ་» ཞེས་པའི་ཆོ་ག་འདི་ཚར་གཅིག་ཤར་འདོན་བྱེད་ཅིང་། དཀར་གཏོར་སོགས་ཡོ་བྱད་རྫས་རྣམས་འབུལ་ཏེ། གདན་ཁྲི་ནས་གཏེར་བུམ་དང་དུག་གསུམ་གནོན་པ་བཅས་བཅུགས་ནས། དུས་ཚོད་བདུན་དང་ཕྱེད་ཀ་ཙམ་ན་ཞོགས་པའི་ཉི་མ་རི་རྩེ་ཤར་བ་དང་གཟུངས་གཞུག་འབུལ་མཁན་རྣམས་ཀྱིས་ཤིས་ཚིག་སྨོན་ལམ་བརྗོད་ནས་ཆིབས་དྲེལ་དང་༧ སྲིད་པའི་རྒྱལ་མོའི་སྐུ་བརྙན་ལ་གཟུངས་གཞུག་ཕུལ་བ་དང་། དུས་སྐབས་དེར་བདུད་རྩི་ཐུན་མཚམས་ཤར་བ་ལ་ཁེལ་བར་བྱས། 

        སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་ཕུལ་ཟིན་ནས་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ཕེབས་བསུ་ཞུས་ཏེ། ༧ སྲིད་པའི་རྒྱལ་མོའི་ཕྱག་མཚན་རྣམས་སོ་སོར་བཏགས་ནས་དག་ཚང་དང་བཀྲ་ཤིས་སྨོན་ལམ་གྱིས་རྒྱས་གདབ་པའོ། །

      ཕྱི་ལོ་ ༢༠༢༢ ཟླ་བ་ ༣ ཚེས་ ༧ བོད་ཆུ་སྟག་ལོའི་ཟླ་བ་ ༡ ཚེས་ ༥ གཟའ་ཟླ་བ་སྟེ། ༧ རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་མཆོག་གི་འཁྲུངས་མཆོད་ཉིན་རབ་གནས་གནང་ཡོད་པ་གོང་དུ་ཞུས་ཟིན་པའོ། །

གསུམ་པ། གཟུངས་གཞུག་འབུལ་བའི་ལས་ཀའི་རམ་འདེགས་པ་ལ་ལེགས་སོ་ཆེ།

          དགེ་བཤེས་བསྟན་འཛིན་རྒྱལ་པོ་ལགས་དང་། དགེ་བཤེས་བསྟན་པ་ཕུན་ཚོགས། དགེ་བཤེས་ཚུལ་ཁྲིམས་འོད་ཟེར། དགེ་བཤེས་བསྟན་པ་དབང་རྒྱལ། དགེ་བཤེས་ཟླ་བ་བཟང་པོ། དགེ་བཤེས་ཚེ་དབང་རྣམ་རྒྱལ་གཙོས་པའི་སྨན་རྩིས་ཁང་གི་སྨན་ཕྲུག་རྣམས། སྨན་རིའི་གྲྭ་ཚང་གི་གཉེར་པ། བཤད་སྒྲུབ་འདུས་སྡེའི་དགེ་སྐོས། བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཤེས་རབ་སྐལ་བཟང་། ཉི་མ་དབང་རྒྱལ། གཡུང་དྲུང་ཉི་མ། བརྩོན་འགྲུས་རྒྱ་མཚོ། བསོད་ནམས་རབ་བརྟན། རྣམ་རྒྱལ་བཀྲ་ཤིས། བཀྲ་ཤིས་ཐར། བསོད་ནམས་མཆོག་འདུས། འོད་ཟེར་རྒྱལ་མཚན། རིན་ཆེན་དབང་རྒྱལ། སྤེན་པ་ཚེ་དབང་། གཡུང་དྲུང་སྐལ་བཟང་། བསམ་གཏན། འབྲུག་ལྷ་གཡུང་དྲུང་བཅས་ནས་ལས་ཀ་ཆེ་ཕྲ་མ་གཏོགས་པ་རམ་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་བའོ། །

བཞི་བ། བཀྲ་ཤིས་སྨོན་ལམ་གྱིས་མཐར་སྦྱར་བ་དང་དགེ་བ་ཚོགས་སུ་བསྔོ་བ།

       ༧ མ་མཆོག་སྲིད་པའི་རྒྱལ་མོའི་གསེར་སྐུ་འདི་ཉིད་ཕྱི་ལྟ་ན་བཟོ་དབྱིབས་ལེགས་པར་བཀྲ་ཞིང་ཁྲོ་གཏུམ་རྔམ་པའི་བརྗིད་ཆེ་བས་ཕྱི་དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ནང་ལྟ་ན་རྟེན་བྱིན་ཅན་སྣ་ཚོགས་ཀྱིས་བལྟམས་ཤིང་གཟུངས་རྫོང་སྨན་སྣ་སོགས་གཞུང་བཞིན་མ་ནོར་པར་བཅུགས་ཡོད་པས། ནང་ཆགས་སྡང་རྨོངས་གསུམ་ལས་གྱུར་བའི་རྣམ་རྟོག་མ་ལུས་པ་ཞི་བ་དང་། གསང་བ་ལྟ་ན་གདོད་མའི་མགོན་པོ་སྐུ་གསུམ་ལས་བརྒྱུད་པའི་བྱིན་རླབས་ཀྱི་ན་བུན་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། སེམས་དཔའ་ཏིང་འཛིན་གྱི་བརྒྱུད་པ། རྟོགས་ལྡན་ཉམས་ཀྱི་བརྒྱུད་པ། མཁས་པ་ལོ་པཎ་གྱི་བརྒྱུད་པ། མཁའ་འགྲོ་བརྡའི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། བྱིན་རླབས་དབང་གི་བརྒྱུད་པ། དྲིན་ཆེན་རྩ་བའི་བླ་མའི་བརྒྱུད་པ་ཟབ་མོ་སྟེ། ༧ རྒྱལ་བ་སྨན་རིའི་སྐྱབས་རྗེ་མཁན་སློབ་རྣམ་པར་བརྒྱུད་པའི་བྱིན་རླབས་ནི་མངའ་དབུལ་རབ་གནས་སུ་སྩལ་བས། གསང་བ་མ་རིག་པའི་བག་ཆགས་ཕྲ་རགས་དང་བཅས་པ་དག་ཅིང་། ཡོངས་པའི་འཇིག་རྟེན་ཁམས་སུ། ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་ཐམས་ཅད་ལ་ནད་མུག་མཚོན་འཁྲུག་གི་བསྐལ་ངན་ཡོངས་སུ་ཞི་བར་ཤོག 

        སྤྱི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ནི་ལུང་རྟོགས་གཉིས་ཀྱིས་བསྡུས་པའི། ལུང་ལ་མདོ་སྔགས་རྫོགས་གསུམ་སོགས་རིག་པའི་གཞུང་ལུགས་བཀའ་དང་བཀའ་བརྟེན་གཉིས་ལ་འདུས་པའི་གསུང་རབ་རྒྱ་ཆེ་བ་གྲངས་མང་བ་དག་དང་། རྟོགས་པ་ལ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པའི་བསྟན་པ་རིན་པོ་ཆེ་འདི་དང་། དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་བསྟན་འཛིན་སྐྱེས་བུ་ནི་མཁའ་ལ་རྒྱུ་སྐར་བཀྲ་བ་དང་། ས་གཞི་ལ་རྩི་ཐོག་རྒྱས་པ་བཞིན་དར་རྒྱས་ཡོང་བའི་བཀྲ་ཤིས་ཤོག 

       སྒོས་སུ་སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་༧ རྒྱལ་བ་གཉིས་པ་༧ རྗེ་འགྲོ་བའི་མགོན་པོ་མཚན་བརྗོད་པ་དཀའ་བ་དོན་གྱི་སླད་དུ་ཞུས་ན་༧ མཉམ་མེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་རིན་པོ་ཆེ་མཆོག་གི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་རྣམས་བསྐལ་པ་མ་སྟོང་བར་དུ་བཞུགས་ཤིང་། རྗེ་ཉིད་ཀྱི་རྗེས་འཛིན་དམ་པ་སྨན་རིའི་མཁན་རབས་རིམ་བྱོན་དག་གི་བསྟན་པའི་བྱ་བ་གསུམ་གྱི་མཛད་འཕྲིན་རྣམས་ཡར་ངོའི་ཟླ་ལྟར་རྒྱས་པ་དང་། དེ་བཞིན་རྗེ་སྨན་རི་བའི་བསྟན་པ་ལ་དབུ་འོག་དཔུང་འདེགས་དམ་པར་མཛད་པའི་སྨན་རིའི་དཔོན་སློབ་རྣམས་དང་དགེ་བཤེས་བླ་སྤྲུལ་རྣམས་ཀྱི་མཛད་འཕྲིན་རྣམས་རྒྱས་པ་དང་། རབ་ཏུ་རྒྱས་པ། ཤིན་ཏུ་རྒྱས་པར་ཤོག 

       དམིགས་བསལ་དུ་ཀུན་གྲོལ་སྐུ་འཕྲེང་བདུན་པ་སྤྲུལ་སྐུ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་དང་༧ སྲིད་པའི་རྒྱལ་མོའི་གསེར་སྐུ་འདི་ཉིད་ཀྱི་མཆོད་ཡོན་ཆ་ཚང་འབུལ་མཁན་རྨ་རོང་བུ་གཡང་རྒྱ་མཚོ་ལགས་དང་། ཁུ་ནུ་བ་སངས་རྒྱས་ལྷུན་གྲུབ་ལགས། དེ་བཞིན་ད་ལན་གསེར་སྐུ་དང་འབྲེལ་བའི་མཆོད་འབྲེལ་འཇོག་མཁན་དང་རམ་འདེགས་གནང་མཁན་རྣམས་ལ་ཚེ་རབས་ཀུན་ཏུ་༧ རྒྱལ་བ་སྨན་རི་ཚང་གི་ཐུགས་རྗེའི་གྲིབ་འོག་ཏུ་ཚུད་ཅིང་། ཁྱད་པར་དུ་གསས་མཁར་གསང་བ་སྒོ་དགུ་ཀུན་འདུས་སྤྱི་སྤུངས་ཀྱི་ལྷ་མཆོག་དབལ་གསས་རྔམ་པའི་ཡབ་ཡུམ་གྱི་ཐུགས་རྗེའི་རོལ་གར་ཆེན་མོ། ཡེ་ཤེས་ཁྲོ་ཚོགས་རྣམས་ཀྱི་སྙིང་ཐིག་རྒྱལ་མོ། གཡུང་དྲུང་བསྟན་པ་སྐྱོང་བའི་དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུ་མོ་མ་མཆོག་སྲིད་པའི་རྒྱལ་མོའི་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་དང་། གསུང་། ཐུགས། ཡོན་ཏན། འཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་དང་འབྲེལ་ཏེ། དད་སྦྱིན་ཡོན་བདག་གཙོས་པའི་མཆོད་འབྲེལ་པ་དང་། སྲིད་གསུམ་ན་གཡུང་དྲུང་བོན་ལ་དད་དམ་གཡོ་བ་མེད་པའི་བོན་འབངས་ཅི་ཅོག་པ། མདོར་ན། ནམ་མཁའི་མཐའ་མཉམ་གྱི་སེམས་ཅན་ཐམས་ཅད་དོན་དམ་སྲིད་པའི་རྒྱལ་མོའི་ཀློང་དུ་སངས་རྒྱས་པར་ཤོག །ཐ་ཚན་མུ་ཙུག་སྨར་རོ། །དགེའོ། །

         གང་གི་བདེན་ཚིག་རྟེན་འབྲེལ་བསླུ་མེད་ཀྱིས། །གངས་ཅན་མགོན་པོ་རྒྱལ་བ་སྨན་རི་བའི། །མདོ་སྔགས་བསྟན་པའི་བ་དན་མངོན་མཐོ་ཞིང་། །སྲིད་མཐའི་བར་དུ་ཡུན་རིང་གནས་གྱུར་ཅིག །དུས་རྒྱལ་ཀུན་འདུས་མཉམ་མེད་ཤེས་རབ་རྒྱལ། ། བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པའི་བདེ། །རྨད་བྱུང་འཕྲིན་ལས་ཟབ་མོའི་ཕྱོགས་ཀུན་ཏུ། ཡར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ཤིས་ཤོག །རྒྱལ་བའི་བསྟན་པ་ཉི་མའི་འོད། །ལྷག་པའི་འོད་ཟེར་ཕྱོགས་བརྒྱར་འཕྲོས། །བོན་གྱི་རྒྱལ་མཚན་ལེགས་པར་འཛུགས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཞྭ་དཀར་རིང་ལུགས་འཛིན་པ་ཡི། །འཕྲིན་ལས་གང་ཡང་སྒྲུབ་བྱེད་པའི། །མ་བདུད་ལྕམ་དྲལ་རྣམས་ཀྱིས་ཀྱང་། ། བསྟན་པའི་བ་དན་ཕྱོར་ཞིག་ཀྱཻ། །

        སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། །ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །

        ཕྱི་ལོ་ ༢༠༢༢ ཟླ་བ་ ༣ ཚེས་ ༡༡ བོད་ཆུ་སྟག་བོད་ཟླ་ ༡ ཚེས་ ༩ ཉིན། ༧ སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་གི་ཨ་མཆོད་མིང་ཙམ་འཛིན་པ་ཟིང་ཆུ་བློ་གྲོས་བསྟན་དར་ནས་སྦྱར་བར་དགེའོ། །