གཡུང་དྲུང་བོན་གྱི་དྲྭ་རྒྱ།

གདན་ས་སྨན་རིའི་གླིང་གི་སྐབས་ཉེར་གཅིག་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

དེ་ཡང་བོད་ཆུ་སྟག་ལོའི་བོད་ཟླ་༡ཚེས་༡༡དང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༣པའི་ཚེས་༡༣ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠།༠༠སྟེང་། རྡོ་ཏིང་དང་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཚོགས་ཁང་གི་གཡས་གཡོན་ནས་སྤོས་རྒྱ་གླིང་གིས་ཕེབས་བསུ་དང་།


བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཉིན་འདིའི་བཀའ་རམས་པ་ག་གཟི་དྲང་སྲོང་ཤེས་རབ་འཇིགས་མེད་རྒྱ་མཚོ་བཅས་འཆམ་རའི་ཤར་ལྷོ་གཉིས་ནས་དུས་གཅིག་ཏུ་ཚོགས་ཁང་མདུན་དུ་ཕེབས་རྗེས་རིམ་ཅན་གྱིས་ཚོགས་ཁང་དུ་ཕེབས་ནས་ཁྲི་ལ་བཞུགས་གསོལ་གྲུབ་པ་དང་། འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་འབྲས་སིལ་དང་ཟབ་ཇ་འདེགས་འབུལ་དང་སྦྲགས་གཏོང་སྒོ་ཆེན་མོའི་སྐུ་འགྱེད་ཀྱི་མཛད་རིམ་བསྐྱངས་ཡོད་པ་དང་།

ཚོགས་ཆེན་ཞལ་ངོ་ནས་ཆབ་ཕུལ་མཚམས་སྔར་སྲོལ་ལྟར་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་གྲལ་མཇུག་ནས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་མཚམས།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་ཉི་ཟེར་གཞའ་འོད་གུར་ཁྱིམ་དབྱངས་སུ་གྱེར་རྗེས། བཀའ་རམས་པ་བཀའ་རམས་པ་ག་གཟི་དྲང་སྲོང་ཤེས་རབ་འཇིགས་མེད་རྒྱ་མཚོ་ནས་རྩེ་ཞྭ་དབུ་ལ་གསོལ་ནས་སྔོན་འགྲོའི་ཚིག་བཤད་ཚད་མ་ཀུན་བཏུས་ཀྱི་དབུ་ཡི་མཆོད་བརྗོད་རང་བཞིན་རྣམ་དག་གྱེར་གྲུབ་མཚམས། འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་།


ཆུ་ཚོད་༡༢།༠༠སྟེང་རྡོ་ཏིང་ཚོགས་བརྡ་བཏངས་རྗེས་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་དམ་ཐུག་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་༣།༠༠སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་གསོལ་ཇ་གྲུབ་རྗེས་སྔར་ལྟར་ཚོགས་ཆེན་ཞལ་ངོ་མཆོག་ནས་ཆབ་ཕུལ་མཚམས། གྲལ་མཇུག་ཏུ་ཕེབས་ནས་མཆོད་ཚིག་དང་། བཀྲ་ཤིས་མངའ་དབུལ་གྱི་ཚིག་བཤད་སོགས་གྱེར་ཞོར་བཀྲ་ཤིས་མཆོད་འབྲུ་གཏོར་ནས་མཇུག་རྗེ་རྒྱལ་བ་སོགས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ་ཡོད་པ་རེད།


ཕྱི་དྲོའི་ཆུ་ཚོད་༤།༠༠སྟེང་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་ཉེར་གཅིག་པའི་ཉིན་གཉིས་པའི་དགེ་བཤེས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།