གཡུང་དྲུང་བོན་གྱི་དྲྭ་རྒྱ།

བཙུན་དགོན་རཏྣ་སྨན་གླིང་གི་བཀའ་རམས་མ་བཙུན་མ་སྟོང་ཉིད་དབང་མོའི་སྙན་དེབ་༼ཐོལ་བྱུང་སེམས་ཀྱི་རི་མོ༽ཞེས་པ་པར་སྐྲུན་འགྲེམས་སྤེལ་གྲུབ་པ།

སྔོན་གླེང་།

འཛམ་གླིང་ཡངས་པའི་རྒྱལ་ཁམས་སུ་ཚན་རྩལ་རིག་རླབས་ཇི་ཆེར་འབར་བའི་དུས་དེར་ཤར་ནུབ་ཀྱི་མི་རྣམས་འགྲན་རྩོད་དང་འཚོལ་སྙེག་གི་བཤུལ་ལམ་དུ་ལུས་པའི་ཁ་བ་གངས་ཅན་པའི་ཕུ་ནུ་མིང་སྲིང་ཚོས་མཁྱེན་དགོས་པ་ཞིག་ནི། ང་ཚོའི་བོད་ཀྱི་སྐད་ཡིག་ཅེས་པའི་བླ་དྭགས་འདི་ཤི་མ་གསོན་གྱི་གཉན་འཕྲང་དུ་ཚུད་དེ་སྒང་ཁའི་དར་ལྕེ་བཞིན་རང་ཚུགས་མི་ཐུབ་པ་ལོ་རེ་ནས་ཟླ་རེ། ཟླ་རེ་ནས་ཞག་རེར་ཉམས་དམས་སུ་ཕྱིན་བཞིན་པའི་དུས་ཚིགས་ཤིག་སླེབས་ཡོད་པ་ཤེས་དགོས།  མི་རིགས་ལ་ཤ་ཞེན་དང་རིག་གཞུང་ལ་དུང་ཞེན་ཞིག་ཡོད་ན་ད་ནི་སྐད་ཡིག་མྱུར་སྐྱོབ་ཀྱི་ཐབས་ལ་བརྩོན་དགོས་པའི་དུས་ལ་བབས་པར་མངོན།

མི་རིགས་དེའི་སྐད་ཡིག་བདག་སྐྱོང་བྱེད་པ་ནི་མི་རིགས་བདག་སྐྱོང་བྱེེད་པ་ལས་མ་འདས། དེས་ན་ང་ཚོ་བོད་མི་རིགས་འདིའང་ཇི་ཙམ་ཡུན་གནས་བྱ་དགོས་ན་དེ་ཙམ་གྱིས་སྐད་ཡིག་བདག་སྲུང་བྱ་དགོས་པ་ཡིན། གཞིས་བྱེས་ཕྱོགས་བཞུགས་བོད་ཀྱི་ན་གཞོན་མང་པོ་ཞིག་གི་སེམས་ཁམས་སུ་སྐད་ཡིག་ལ་བཅངས་པའི་ལྷག་བསམ། སྐད་ཡིག་ལ་དགའ་བའི་བརྩེ་གདུང་ནི་ནམ་མཁར་འཇའ་ཡལ་བ་ལྟར་སོང་ནས། བོད་ཀྱི་སྐད་ཡིག་སྦྱོང་འདོད་ཀྱི་སྤྲོ་སེམས་མེད་པར་གྱུར་པ་འདི་གནད་གང་ལ་ཐུག་མིན་བསམ་གཞིག་ཅིག་བྱེད་ཚེ་ད་གཟོད་དགེ་རྒན་དང་ཕ་མའི་སློབ་གསོ་ཡི་ཕམ་ཁ་སྟོན་གྱིན་ཡོད་མོད།

ཅི་སྟེ་ན། བོད་ཡིག་འབྲི་ཀློག་ཤེས་ཙམ་བྱུང་ན་འགྲིག ཅེས་པའི་སྦྲིད་འཐོམ་གྱི་ཀློང་ནས་གསོག་གསོབ་ཚུལ་འཆོས་ཀྱི་མགོ་འབག་མཐུག་པོ་ཞིག་གྱོན་ནས་ལྷ་འདྲེའི་སྒྲུང་གཏམ་ལ་ཡིད་ཆེས་ཤིང་མགོ་བོ་བཏུད་ནས་བསྡད་དེ། བསམ་བློ་དང་ལྟ་བ། མི་ཚེ་དང་ཤེས་རབ་ཀྱི་རྟོགས་ཞིབ་ལ་བློ་ཁ་ཙམ་ཕྱོགས་མྱོང་མེད་པར་ལུས་ནས་འཚོས་ཡོད་པས། དེ་ལྟ་བུའི་ཕམ་ཁའི་སློབ་གསོ་ལས་རྣམ་པར་རྒྱལ་ཐུབ་པའི་འབད་བརྩོན་བྱ་རྒྱུར་འུ་ཅག་གི་ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་ཞིག་ཡིན།

ད་ནི་ང་ཚོ་མག་མོག་གི་གྲུ་ཁ་ན་སྒྱིད་ལུག་བག་འཁུམ་གྱི་འོག་ཏུ་མགོ་བོ་མི་སྒུར་ནས་འཕག་འཚག་དང་མཆོང་ལྡིང་ཞིག་བྱེད་དེ། སྲིད་ཁམས་འཕེལ་འགྱུར་གྱི་ཁྲོད་ནས་འགྲོ་བ་མིའི་རྣམ་དཔྱོད་ཡར་རྒྱས་འཕོ་སྤྱོད་ཀྱི་གོམ་ཁ་ཆེ་རུ་སྤོ་ནས། འདས་མ་ད་གསུམ་གྱི་ཤེས་རིག་གོམས་སྲོལ་བཞུར་རྒྱུན་ཆེན་པོ་དེའི་ཀློང་ནས་མདུན་སྐྱོད་ཀྱི་སྤོབས་པ་དང་། ཞུམ་མེད་ཀྱི་སྙིང་སྟོབས་ཟུང་དུ་སྦྲེལ་ཐོག ང་ཚོས་རང་གི་སྐད་ཡིག་འདི་གཙིགས་སུ་བཟུང་ནས་གཡས་སྐྱོར་གཡོན་སྐྱོར་གྱི་ལས་གཞི་གསར་པ། བསམ་བློ་གསར་པ། སྙིང་སྟོབས་གསར་པ། ཕུགས་འདུན་གསར་པ་ཞིག་གི་ལམ་དུ་ཆས་ཏེ། སྐད་ཡིག་གི་སྒྱུ་རྩལ་བཞི་ལ་ལྟ་འཚོལ་སྦྱོང་གསུམ་གྱི་བྱ་བ་ལ་ཞུགས་ནས་བོད་མི་རིགས་ཀྱི་ངོ་གདོང་ངོ་མ་དེ་གང་ཡིན་འཚོལ་དགོས། དེ་ཙམ་ག་ལ་ཚད། ང་ཚོའི་ཆབ་སྲིད་དང་། དམག་དོན། དཔལ་འབྱོར། ཚོང་ལས་ཀྱི་རིག་པ་རྣམས་ཡིག་རིགས་ལ་མ་བརྟེན་ནས་འཕེལ་རྒྱས་འགྲོ་ཐབས་མེད་པས་ཅིས་ཀྱང་སྐད་ཡིག་ལ་དོ་སྣང་ཇི་ཆེར་དགོས་པའི་གནད་དུ་སླེབས་འདུག་སྙམ།

སྐད་ཡིག་ཉམས་རྒུད་ཀྱི་རྩ་བ་གཅིག་ནི། ལོ་ཆུང་བྱིས་པ་ཚོར་གཞན་སྐད་སློབ་རྒྱུ་ལ་བྲེལ་འཚུབ་དང་གཞན་སྐད་རྒྱག་རྒྱུ་ལ་སྤྲོ་སྣང་གིས་རང་མི་རིགས་ཀྱི་སྐད་ཡིག་ཞར་ཞོར་དུ་རང་བཞིན་ཡལ་འགྲོ་བ་འདི་རེད། དེ་ལྟར་ངན་ལོབས་སུ་མ་སོང་བར་ད་ནི་ང་ཚོའི་སྐད་ཡིག་འདི་ཉིན་རེའི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་འབོད་དགོས། ཉམས་མྱོང་དང་ལག་ལེན་ནང་ནས་རྙེད་དགོས། བཟའ་བཏུང་དང་ཟ་མའི་བར་ནས་དྲན་དགོས། ཡོ་བྱད་ལེན་འཇོག་གི་བར་ནས་གསོག་དགོས། འགྲོ་འདུག་ཉལ་འཆག་གི་གསེང་ནས་སྤྱོད་དགོས། གནད་དོན་ཆུང་ས་ཆུང་ས་ཞིག་ནས་ནམ་ཞག་རྒྱུན་དུ་འབད་འབུངས་བགྱི་ཐུབ་ན་ཡར་རྒྱས་ཀྱི་ཐོན་སྐྱེད་བློ་སྟོབས་གསར་པ་ཞིག་གིས་སྔར་ཞེན་གྱི་འདུ་ཤེས་རྙིང་པ་ལ་གཡོ་འགུལ་དང་འཕོ་སྐྱོམ་གཏོང་སྲིད།

༼ཐོལ་བྱུང་སེམས་ཀྱི་རི་མོ༽ཞེས་པའི་སྙན་དེབ་རྩོམ་པ་པོ་བཙུན་མ་སྟོང་ཉིད་དབང་མོ།

སྐད་ཡིག་གི་རྨང་གཞིའི་གལ་གནད་གཅིག་ནི་ཡི་གེ་ཀློག་འདོན་ལ་རག་ལས་ཏེ། ཀློག་རྩལ་མེད་པ་ཡིན་ན་ཁྱོད་ཀྱི་ཡི་གེའི་སྦྱོར་ཀློག་དཔྱིས་ཕྱིན་པ་ཞིག་ཡོང་ཐབས་མེད་པ་ཡིན། ཀ་ཁ་སློབ་པ་ནས་འགོ་བརྩམས་ཏེ་དབྱངས་གསལ་གྱི་གོམ་འགྲོས་འཁྱར་འཁྱོར་སྤོ་བའི་བརྒྱུད་རིམ་གྱི་ཁྲོད་ནས་དོ་གལ་ཆེ་བ་ཞིག་ནི། དབྱངས་གསལ་འབྲུ་འདེད་བྱ་རྒྱུ་དེ་ཡིན། དབྱངས་གསལ་འབྲུ་འདེད་གཏིང་ཚུགས་པ་ཞིག་བྱ་ཐུབ་ན། ད་གཟོད་ཁྱོད་ཀྱི་བརྡ་སྦྱོར་སྐད་ཀྱི་རྨང་གཞི་ཡི་གེའི་སྦྱོར་ཀློག་སྲ་བརྟན་ཡོང་བ་དང་། སྒྲ་གདངས་དཀའ་ཚེགས་ཀྱི་འཕྲང་ལས་གཡོལ་ཐུབ་པར་སོམ་ཉི་བྲལ་བ་ཡིན།

ཡང་གཅིག་གླེང་ན་བོད་ཀྱི་སྐད་ཡིག་འདི་ཉིད་གཞན་སྐད་དང་བསྲེས་ནས་ཡ་མ་ཟུང་གི་སྐད་བརྡ་རེ་འབྲི་ཀློག་བྱེད་ཡོང་བ་འདི་ནི་ཡང་སྙིང་བོད་ཀྱི་སྐད་ཡིག་གི་རིན་ཐང་རྟོགས་མ་ཐུབ་པའི་རྐྱེན་དུ་སེམས། སྤྱིར་དངོས་པོ་གང་ཡིན་དེའི་རིན་ཐང་རྟོགས་དགོས་པ་ནི་ཤིན་ཏུ་གལ་གནད་ཅིག་མཐོང་སྟེ། གང་གི་རིན་ཐང་རྟོགས་ན་ད་གཟོད་དེའི་ཕྱོགས་ལ་འབད་འབུངས་ཀྱི་ནུས་པ་ཆེ་རུ་འདོན་ཐུབ་ཀྱི་ཡོད་པ་ནི་མྱོང་བས་གྲུབ་པ་ཞིག་རེད། དེས་ན་ང་ཚོ་བོད་ཀྱི་སྐད་ཡིག་གི་རིན་ཐང་ཤེས་ན། བོད་ཀྱི་སྐད་ཡིག་ལ་བརྩེ་གདུང་སླེབས་ཀྱི་ཡོད་ལ། སྦྱོང་འདོད་ཀྱི་སེམས་པ་ཐག་ཉེ་རུ་འགྲོ་བར་ངེས། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པས་མི་རིགས་ཀྱི་སྲོག་རྩའི་རིན་ཐང་ཤེས་དགོས་པ་འུ་ཚོའི་ཕྲག་ཐོག་བབ་པའི་འགན་འཁྲི་ཞིག་ཅི་ལ་མིན།

རྒྱུ་མཚན་དེའི་ཕྱིར་ན་ཕ་སྐད་ལ་དུང་ཞིང་མ་ཡིག་ལ་བརྩེ་བའི་བཙུན་མ་ཞིག་གིས་རང་འགན་རང་སྲུང་བྱས་ཏེ་དབྱར་གྱི་ཚ་རླབས་དང་དགུན་གྱི་གྲང་ངད་ཀྱི་དཀའ་སྡུག་བང་རིམ་བརྩེགས་པའི་ལོ་ཟླའི་ཁྲོད་དུ་ཐོས་བསམ་གོམ་སྟབས་བསྒྱུར་བའི་བར་གསེང་ནས། མི་རིགས་དང་སྐད་ཡིག་ལ་ཤ་ཞེན་དང་། ལྷག་ཏུ་རང་རིགས་ན་གཞོན་བཙུན་མ་རྣམས་མིག་དཔེ་ཡར་ལྟོས་ཡོང་ཆེད། སོག་པ་ཀུན་གཞིའི་ཀློང་ནས་ཐོ༵ལ་གྱིས་བྱུ༵ང་བའི་སེ༵མས་ཀྱི༵་རྟོག་འགྱུ་བན་བུན་དང་ཚོར་སྣང་ཐན་ཐུན་གྱི་རི༵་མོ༵་ཤོག་ཐོག་ཏུ་སྤུངས་པའི༼ཐོལ་བྱུང་སེམས་ཀྱི་རི་མོ༽ཞེས་པའི་རྩོམ་དེབ་ཅིག་མི་ཡུལ་དུ་ལེགས་སྐྱེས་སུ་བསྟར་བ་ལགས་ན་ངོས་ནས་ཀྱང་ཆེས་དགའ་བསུ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

རྩོམ་དེབ་འདིའི་བརྗོད་བྱ་དོན་གྱི་ཟབ་བརླིང་དང་རྗོད་བྱེད་ཚིག་གི་སྙན་འཇེབས་ཇི་ལྟར་ལྡན་མིན་ནི་བརྩེ་ལྡན་གཟིགས་རྒྱ་ཡངས་པའི་ཀློག་པ་པོ་རྣམས་ཀྱིས་རིན་ཐང་གཞལ་རྒྱུ་བགོ་སྐལ་དུ་བསྲིང་ཡོད་པས་དེ་ལུགས་སུ་ཐུགས་དགྱེས་བརྩེའི་ངང་ནས་གཟིགས་ཞིབ་གནང་བར་ཞུ་རྒྱུ་བཅས་དོ་བདག་གིས་བསྐུལ་བ་ལྟར་རྩོམ་དེབ་འདིའི་སྔོན་གླེང་དུ་ཡེ་ཤེས་རབ་གསལ་གྱིས་དཔལ་ལྔ་ལྡན་བལ་པོའི་རྒྱལ་ཁམས་སུ་ཆགས་པའི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཧོར་ཟླ་དགུ་པའི་གནམ་སྟོང་སྟོན་པ་སངས་རྒྱས་ཀྱི་འདས་མཆོད་ཉིན་བྲིས།