གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོན་གཞིས་བཙུན་དགོན་རཏྣ་སྨན་གླིང་གི་སྐབས་དང་པོའི་ཉིན་གཉིས་པའི་དགེ་བཤེས་མའི་གནས་བསྡུས།

 

གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་རྒྱལ་ལོ་༣༡༥༩བོད་ཆུ་སྟག་རྟ་པ་ཟླ་བའི་ཚེས་༧དང་། ཕྱི་ལོ་༢༠༢༢ལོའི་ཟླ་༣ཚེས་༩ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཁུངས་གཏོགས་བཙུན་དགོན་རཏྣ་སྨན་གླིང་དུ་ཁ་སང་ལྟར་སྐབས་དང་པོའི་དགེ་བཤེས་མའི་མཛད་སྒོ་ཚོགས་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༠ ཟླ་བ་ ༡༢ པའི་ཚེས་ ༢༠ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་ཆེན་ཁྲི་འཛིན་༣༣པ་རིན་པོ་ཆེ་མཆོག་གིས་རྒྱ་གར་དུའང་བཙུན་མ་རྣམས་ཀྱི་ཆེད་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་སྲོལ་བཏོད་པའི་རྟེན་འབྲེལ་གྱི་མཛད་སྒོ་གནང་བ་དང་། བོན་གྱི་བཙུན་མ་རྣམས་ལའང་བསྟན་པ་འདི་དང་དུས་རབས་འདི་དང་མཐུན་པའི་གཞུང་ལུགས་རིག་གནས་ཀུན་ལ་སློབ་གཉེར་གནང་སའི་ཁོར་ཡུག་ཅིག་དགོས་ངེས་སུ་དགོངས་ནས། བཙུན་དགོན་འདི་ལའང་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཁྲིད་གཞུང་གཞི་བཞག་གིས་བཤད་གྲྭ་བཙུགས་ཤིང་། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༢ ཉིན། ༧སྨན་རིའི་སློབ་དཔོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་ཐུན་མོང་བསྡུས་གྲྭ་ནས་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་ལེགས་པར་གནང་རྗེས།

བཙུན་དགོན་རཏྣ་སྨན་གླིང་གི་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་ནས་བཤད་གྲྭ་འདིའི་ཐུགས་འགན་ཡོངས་རྫོགས་བཞེས་ནས། སྡུད་གྲྭ་ནས་བཟུང་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་བཀའ་པོད་དྲུག་དང་མིང་གཞི་སྙན་ངག  རྩིས་དཀར་ནག  སྐུ་གདུང་དཀྱིལ་འཁོར། གཟུངས་བཞུགས་འབུལ་ཐབས་ཕྱག་ལེན་སོགས། ལོ་ངོ་དུ་མའི་རིང་ཁོང་གཅིག་པུས་འཆད་ཁྲིད་གནངས་ནས། ད་ལོར་གཞི་ནས་སྐབས་དང་པོའི་དགེ་བཤེས་མ་གཏོང་ཐུབ་ཡོད་པ་རེད། 

དེ་ཡང་ཁ་སང་ལྟར་སྔ་དྲོའི་ཆུ་ཚོད་༡༠།༠༠སྟེང་རྡོ་ཏིང་དང་ཚོགས་བརྡ་བཏངས་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་བཙུན་དགོན་རཏྣ་སྨན་གླིང་གཙུག་ལག་ཁང་གི་གཡས་གཡོན་ནས་གདན་དྲངས་ཤིང་། ཚོགས་ཁང་མདུན་གྱི་རྡོལ་བཅལ་ནས་བཙུན་དགོན་མཁན་པོ་དགེ་བཤེས་བསྟན་འཛིན་ཀུན་ཁྱབ་དང་། ཉིན་གཉིས་པའི་བཀའ་རམས་མ་ཆོས་འཁོར་ཚང་དྲང་སྲོང་མ་གཡུང་དྲུང་ཚུལ་ཁྲིམས་བཟང་མོ་དང་། བཀའ་རམས་མ་ཝ་རེད་དྲང་སྲོང་མ་སྐལ་བཟང་ཕུན་ཚོགས་ཚུལ་འཛིན། བཀའ་རམས་མ་བྲུ་ཚང་དྲང་སྲོང་མ་སྟོང་ཉིད་དབང་མོ་བཅས་དུས་གཅིག་ཏུ་ཚོགས་ཁང་མདུན་དུ་ཕེབས་རྗེས་རིམ་ཅན་གྱིས་ཚོགས་ཁང་དུ་ཕེབས་ནས་ཁྲི་ལ་བཞུགས་གསོལ་དང་།འདུས་མང་ཡོངས་ནས་ཀུན་གསལ་བྱམས་མའི་སྔགས་བསྟོད་གྲུབ་རྗེས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་དང་སྦྲགས་བཀའ་རམས་མ་ཤེས་རབ་ཡེ་ཤེས་དཔལ་འཛིན་དང་། ཉིན་གཉིས་པའི་བཀའ་རམས་མ་རྣམ་པ་གསུམ་ལ་ཞལ་ངོ་ནས་ཆབ་ཕུལ་མཚམས་༧སྐྱབས་རྗེ་མཁན་སློབ་རྣམས་ལ་མཇལ་ཁ་ཞུས་རྗེས་བསླབ་པ་རྒན་རིམ་ལྟར་སྔ་ཕྱི་བསྟར་སྒྲིག་གིས་རྩེ་ཞྭ་ཕྱག་ཏུ་བསྣམས་ནས་ལུས་གུས་པ་དང་བཅས་བཞེངས་མཚམས།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཚིག་བཤད་གསལ་དག་སྙན་གསུམ་གྱིས་དབྱངས་སུ་གྱེར་རྗེས། ཉིན་གཉིས་པའི་བཀའ་རམས་མ་རྣམས་ནས་རིམ་བཞིན་རྩེ་ཞྭ་དབུ་ལ་གསོལ་ནས་སྔོན་འགྲོའི་ཚིག་བཤད་གཤེན་རབ་སྤངས་རྟོགས་སོགས་གྱེར་གྲུབ་པ་དང་། འདུས་མང་ཡོངས་ནས་བར་ཆད་ལམ་སེལ་གསུངས་ནས་ཚོགས་ཐུན་དང་པོ་གྲོལ་བ་དང་།
ཆུ་ཚོད་༡༢སྟེང་རྡོ་ཏིང་ཚོགས་བརྡ་བཏངས་རྗེས་འདུས་མང་ཚོགས་བཞུགས་ཀྱིས་གཏོང་སྒོའི་དམ་ཐུག་གསོལ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་རེད།


ཕྱི་དྲོའི་ཆུ་ཚོད་༣།༠༠སྟེང་གོང་ལྟར་༧སྐྱབས་རྗེ་མཁན་སློབ་གདན་འདྲེན་དང་སྣུམ་འཁུར་གསོལ་ཇ་གྲུབ་རྗེས་ཉིན་གཉིས་པའི་བཀའ་རམས་མ་རྣམས་ནས་བཀྲ་ཤིས་མངའ་དབུལ་གྱི་ཚིག་བཀྲ་དང་བཀྲ་ཤིས་མཆོད་འབྲུ་སོགས་གཏོར་ནས་མཇུག་རྗེ་རྒྱལ་བ་སོགས་སྨོན་ལམ་གྲུབ་ནས་ཚོགས་ཐུན་གསུམ་པ་གྲོལ་ཡོད་པ་རེད།
ཕྱི་དྲོའི་ཆུ་ཚོད་༤།༠༠སྟེང་འདུས་མང་ཡོངས་ནས་སྨོན་ལམ་རྣམ་གསུམ་གསུང་ནས་བཞེས་ཐུག་མཆོད་རྗེས་སྐབས་དང་པོའི་ཉིན་གཉིས་པའི་མཛད་རིམ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

པར་པ། མཁས་གྲུབ་རིན་ཆེན།