གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༥པ་དབུ་འཛུགས་གནང་བ།

དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་ཆུ་སྟག་ལོའི་བོད་ཟླ་༢ཚེས་༩དང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༤ཚེས་༡༠ཉིན་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༥པ་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་གོང་ཚེས་སྔ་དྲོའི་ཆུ་ཚོད་༩།༠༠སྟེང་རྒྱ་གར་རྒྱལ་ཡོངས་བོད་ཀྱི་མཐོ་སློབ་ཉེར་གཅིག་གི་སློབ་འཐུས་ཚོགས་བཅར་བ་དག  གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་ཚོམས་ཆེན་དུ་འདུ་འཛོམས་གྲུབ་རྗེས། ཐེངས་འདིའི་དམིགས་བསལ་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་ཚོགས་སྡེ་ཁག་གི་སྐུ་ཚབ་ཁག་བཞུགས་གྲལ་དུ་འཁོད་རྗེས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས། སྣང་གསལ་མར་མེ་ཞལ་ཕྱེས་རྗེས་ཚོགས་ཞུགས་པ་ཡོངས་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་རྗེས། འབྲས་སིལ་དང་གསོལ་ཇ་མཆོད་ནས་སྔོན་འགྲོའི་ལས་རིམ་གྲུབ་ཡོད་པ་རེད།

སྔ་དྲོའི་མཛད་རིམ་གཙོ་སྐྱོང་བ་སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་ཀྱི་སྨན་སློབ་བདེ་སྐྱིད་དཔལ་འཛོམས་ལགས་ཀྱིས་གཙོ་སྐྱོང་འོག་དངོས་གཞིའི་མཛད་རིམ་བསྐྱངས་ཡོད་པ་དང་།

ཐོག་མར་ཐེངས་འདིའི་གོ་སྒྲིག་ཚོགས་པའི་ཚོགས་གཙོ་ཤེས་རབ་གྲགས་པ་ལགས་ནས་ཚོགས་པའི་རྒྱུན་ལས་གསར་རྙིང་དང་ལས་དོན་བྱེད་ཕྱོགས་སོགས་ཚོགས་པ་ངོ་སྤྲོད་བྱས་ཡོད་པ་དང་།

སྤྱི་ཁྱབ་འབྲེལ་མཐུད་པ་ཐུབ་བསྟན་རབ་བསྟན་ལགས་ནས་སྐབས་༡༥པའི་མཐོ་རིམ་སློབ་མའི་ཚོགས་ཆེན་གདན་ས་འདིར་ཚོགས་ཐུབ་པ་དམིགས་བསལ་ཅིག་དང་། བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་དང་ཉེ་བར་བཅར་ནས་རྒྱུས་ལོན་དང་། གོ་རྟོགས་སྤེལ་རེས་བྱེད་པའི་སྡིངས་ཆ་ཞིག་ཆགས་བསྡད་ཡོད་སྟབས་མཐོ་རིམ་སློབ་ཕྲུག་དག་གི་ངོས་ནས་ཀྱང་། ཐེངས་འདིའི་ཚོགས་ཆེན་འདི་ལོ་རྒྱུས་རང་བཞིན་ཅན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་།

ས་གནས་འགོ་འཛིན་སྐུ་ངོ་བསྟན་འཛིན་ཆོས་འཕེལ་ལགས་ནས་ཉེ་སྔོན་མཐོ་རིམ་སློབ་མའི་གོ་སྒྲིག་ཞུས་པའི་དྲྭ་ཐོག་ཐད་གཏོང་གི་གསུང་བཤད་སློབ་དཔོན་རྣམས་ལ་ཕྱག་ཁྱེར་བསྩལ་བ་དང་།

གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་ཤེ་ཙུ་རྒྱ་མཚོ་མཆོག་ནས་ཐེངས་འདིའི་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་རིས་སུ་མ་ཆད་པའི་མཐོ་རིམ་སློབ་ཕྲུག་དག་ལ། གདན་ས་འདིར་ཕེབས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་མཆོག་ལ་ཐོག་མར་གདན་ས་འདིར་ཚོགས་ཆེན་ཚོགས་འཐུས་ཀྱི་བཀའ་འདྲི་ལམ་སྟོན་ཞུས་སྟངས་དང་། རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་ཚོགས་འཐུས་བཀའ་འཁྲོལ་གནང་སྟངས་ཀྱི་གོ་རིམ་དང་འབྲེལ་བོད་ཀྱི་ལོ་རྒྱུས་ཤེས་དགོས་པ་གལ་ཆེན་དང་། དེ་ཡང་དུས་རབས་བདུན་པའི་སྔོན་ནས་བོན་གྱི་ལོ་རྒྱུས་ལ་མཚོན་ན་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱིས་ཆབ་དཔལ་རིག་གསུམ་ཕུན་སུམ་ཚོགས་པ་ཡོད་སྐོར་ནས་གསུང་བཤད་གནངས།

དེ་ཡང་དམིགས་བསལ་སྐུ་མགྲོན་བོན་གཞིས་སམ་བྷོ་ཊའི་ཉིན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ནས་སློབ་ཕྲུག་ཁག་གི་ཤེས་ཡོན་ཡར་རྒྱས་ཐད་གསུང་བཤད་གནང་ཡོད་པ་དང་། དེ་ཡང་སློབ་སྤྱི་ལགས་ནས་རང་དབང་གི་ངོས་འཛིན་ཐད་ནས་གསུང་དོན། རང་དབང་ཞེས་ཉིན་གཅིག་རིང་གི་བསམ་པའི་འཁྱེར་སོ་རང་ལ་དབང་བ་ལ་ངོས་འཛིན་དང་། དེ་ཡང་བསམ་སྤྱོད་ཀྱི་རང་དབང་ཐད་ནས། ཕྱིའི་དངོས་པོ་མང་པོ་ཞིག་གིས་སློབ་ཕྲུག་དག་གི་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་སྐོར་ནས་དཔེ་དོན་མཉམ་སྤེལ་སྒོས་བཀའ་སློབ་བསྩལ་ཡོད་པ་རེད།

བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་ཉིན་ལྔའི་རིང་གི་གསུང་བཤད་སློབ་དཔོན་ཁག་གི་བརྗོད་གཞི་དང་འབྲེལ་ནས་གསུང་བཤད་གནངས་ཡོད་པ་རེད།

མཇུག་མཐར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྔོན་གྱི་ལོ་རྒྱུས་དེ་དག་དེང་གི་དུས་ལ་མི་མངོན་པར་ནུབ་ཚར་བ་རེད་ལ། དེ་ལ་དཔྱད་པའང་བྱས་ཚར་པ་རེད། མཚམས་ལན་རེར་ང་ཚོའི་བགྲོ་གླེང་གི་བརྗོད་བྱ་རྒྱ་ཆེ་དྲག་ནས་མིའི་བསམ་བློ་དང་མི་འཚམས་པའི་གནད་དོན་གང་མང་བྱུང་དང་འབྱུང་བཞིན་འདུག་ལ། དེ་བས་ང་ཚོའི་འཚོ་བ་དང་བར་ཐག་ཉེ་ཤོས་ཤིག་བརྗོད་བྱར་བདམས་ནས། དཔྱད་བརྗོད་སྤེལ་བ་ཡིན་ན་མི་རིགས་འདིའི་འཚོ་བ་དང་། བསམ་བློ། རྒྱབ་ལྗོངས་གང་འཚམས་ལ་ཕན་པ་འདུག་སྐོར་ནས་བཀའ་སློབ་གནད་སྨིན་བསྩལ།

གོ་སྒྲིག་ཚོགས་གཞོན་གཡུང་དྲུང་ཉི་མ་ནས་ཐུགས་རྗེ་ལེགས་གསོལ་གྲུབ་པ་དང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་སྒོ་མདུན་ནས་སྐུ་མགྲོན་དང་ཚོགས་བཅར་མཉམ་བཞུགས་ཐོག་མཉམ་པར་བསྒྲོན་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་ཡོད་པ་དང་།

ཉིན་རྒྱབ་ཆུ་ཚོད་༢།༣༠ནས་ཐེངས་འདིའི་གོ་སྒྲིག་ཚོགས་གཙོ་ཤེས་རབ་གྲགས་པ་དང་། མཐོ་སློབ་འབྲེལ་མཐུད་པ་ཐུབ་བསྟན་རབ་བརྟན་རྣམ་གཉིས་ཀྱིས་གཙོ་སྐྱོང་འོག   ཚོགས་བཅར་བ་རྣམས་ནས་རང་ཉིད་ངོ་སྤྲོད་གྲུབ་མཚམས།

མཐོ་སློབ་ཁག་གི་སྐུ་ཚབ་རྣམས་ནས་རང་ཉིད་ཀྱི་བཞུགས་གནས་མཐོ་སློབ་ངོ་སྤྲོད་གྲུབ་ནས་སྐབས་བཅོ་ལྔ་པའི་མཐོ་རིམ་སློབ་མའི་ཚོགས་ཆེན་ཉིན་དང་པོའི་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།