གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་ཆེན་པོ་མཆོག་བལ་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པའི་གནས་བསྡུས།

ཕྱི་ལོ་༢༠༢༢ ཟླ་ ༤ ཚེས་ ༦ ཉིན་ཞོགས་པའི་ཆུ་ཚོད་༩།༣༠ ཀའི་ཐོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་སྔར་སྲོལ་བཞིན་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་བོན་སྐྱོང་དམ་ཅན་རྒྱ་མཚོར་འཕྲིན་བཅོལ་ལས་སྐུལ་མཛད་རྗེས་༧རྒྱལ་བ་མཆོག་གི་སྐུ་འཁོར་བཅས་རླངས་འཁོར་བརྒྱུད་ལྡི་ལིར་ཆིབས་ཞལ་བསྒྱུར། ཆུ་ཚོད་ ༥།༣༠ ཀའི་ཐོག་ལྡི་ལིའི་མགྲོན་ཁང་ཕོར་པོན་ཏྲི་༼four Points ༽ འབྱོར་ནས་མཚན་གཅིག་ཞག་བཞུགས་གནངས། སྤྱི་ཚེས་ ༧ ཉིན་ལྡི་ལིའི་མཁའ་ལམ་བརྒྱུད་བྷག་ཀྲོག་རར་ཕེབས།

གནམ་ཐང་དུ་ཕེབས་བསུ་བ་གླིང་ཚང་བ་གཡུང་དྲུང་འོད་ཟེར་དང་། ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་པའི་ཚོགས་གཙོ་སྒྲུབ་ཐོན་པ་བ་ར་བསོད་ནམས་ནོར་བུ། གཞན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་མི་ཁག་ནས་ཕེབས་བསུ་ཞུས་ནས་རྒྱ་བལ་ས་མཚམས་བརྒལ་ཏེ་དགོང་མོ་བལ་བོའི་ས་མཚམས་ཉེ་འགྲམ་གྱི་མགྲོན་ཁང་Kingsbury དུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་གི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་བློ་གྲོས་དང་། བསོད་ནམས་དཔལ་འབྱོར་གཉིས་ནས་ཕེབས་བསུ་ཞུས་ནས་ཞག་གཅིག་བཞུགས།

སྤྱི་ཚེས་༨ ཉིན་ཞོགས་པའི་ཕྱག་ཚོད་༤།༣༠ ཀའི་ཐོག་མགྲོན་ཁང་ནས། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་གི་བསུ་བཅར་བ་ལྷན་རྒྱས་ནས་ཕེབས་བསུས་ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད་པ་དང་། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་དབུས་བླ་སྤྲུལ་གྲྭ་མང་འདུས་པ་རྒྱ་མཚོས་རྒྱ་གླིང་གི་མདུན་བསུས་ནས་ཕེབས་བསུ་ཞུས།

སྤྱི་ཚེས་༡༠ ཉིན་གྱི་ཞོགས་པའི་ཕྱག་ཚོད་༩ ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དང་སྐུ་འཁོར་ལྷན་རྒྱས་ནས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་རྗེས་ཨ་དཀར་ཞི་གཅོད་ཀྱི་ལུང་ཞུས།

དེ་རྗེས་མཁན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་གསར་བཞེངས་དང་འབྲེལ་༧རྒྱལ་བ་སྨན་རི་བ་མཆོག་ལ་གཟིགས་སྐོར་རབ་གནས་ཞུས།

ཕྱི་ཚེས་༡༡ ཉིན་གྱི་ཞོགས་པའི་ཕྱག་ཚོད་ ༧།༣༠ ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་སྤྲུལ་གྲྭ་མང་ཡོངས་ལ་མཇལ་ཁ་གནང་རྗེས། དད་ལྡན་འགའ་ཡིས་གདན་ཞུས་ལྟར་རབ་གནས་དང་གསོལ་ཚིགས་སུ་ཕེབས་མཚམས་བལ་བོ་ལྷ་མགར་ནང་ཕེབས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་མཆོག་གི་སྐུ་ང་འདྲ་མ་དང་སྨྲ་སེང་སྐུ་འདྲ་སོགས་ལ་གཟིགས་ཞིབ་དང་འཆར་བཀོད་ལམ་སྟོན་བཀའ་སློབ་བསྩལ།

སྤྱི་ཚེས་༡༢ ཉིན་༧ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་བླ་མེད་རྫོགས་པ་ཆེན་པོའི་ལྟ་བའི་སྐོར་ཀྱི་ངོ་སྤྲོད་གསལ་འདེབས་ཞུས་པ་དང་། དད་ལྡན་ཡོལ་མོ་བ་རྣམས་ལ་མཇལ་ཁ་གནངས།

ཕྱི་ཚེས་༡༣ ཉིན་ཞོགས་པར་སེམས་ཁྲིད་གསལ་འདེབས་ཞུས་ནས། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་གདན་ཞུས་ལྟར་རྒྱལ་གཤེན་དཔའ་བོའི་རི་ཁྲོད་དུ་ཕེབས་ཏེ་བསང་གསོལ་རླུང་རྟ་མཛད་ནས་ཡོངས་འཛིན་རིན་པོ་ཆེའི་གཟིམ་ཤག་གསར་པ་དང་། གསོ་རིག་འབུམ་བཞིའི་སྨན་ཁང་། མཚམས་ཁང་སོགས་ལ་རབ་གནས་དང་གཟིགས་ཞིབ་གནངས།

ཕྱི་དྲོ་བལ་ཡུལ་དོན་གཅོད་དང་། བལ་ཡུལ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་བཀྲ་ཤིས་དོན་འགྲུབ་དང་། མདོ་སྨད་སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་རྣམས་ནས་མཇལ་ཁ་ཞུས།

ཕྱི་ཚེས་༡༤ ཉིན་ཡང་ལེ་ཤོད་ལ་ཕེབས་ནས་འཚམས་གཟིགས་གནངས། ཕྱི་དྲོ་བལ་ཡུལ་མདོ་སྨད་ཚོགས་པའི་རྒྱུན་ལས་རྣམ་པས་མཇལ་ཁ་ཞུས་པ་ལྟར་མཇལ་ཁ་གནངས།

ཕྱི་ཚེས་༡༥ ཉིན་གྱི་ཞོགས་པར་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་སླར་ཡང་སེམས་ཁྲིད་གསལ་འདེབས་ཞུས་པ་དང་། བལ་ཡུལ་མདོ་སྟོད་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་རྣམས་ལ་མཇལ་ཁ་གནངས། ཕྱི་དྲོ་ཁྲི་བརྟན་ནོར་བུ་རྩེའི་གསོ་རིག་འབུམ་བཞིའི་རྒྱུན་ལས་རྣམ་པས་གདན་ཞུས་ལྟར་འབུམ་བཞིའི་སློབ་གྲྭར་གཟིགས་སྐོར་ཕེབས་ནས་དགེ་སློབ་རྣམས་ལ་བཀའ་སློབ་བཀའ་དྲིན་གསོལ་བསྩལ་མཛད།

ཕྱི་ཚེས་༡༦ཉིན་གྱི་སྔ་དྲོར་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་འགྲོ་མགོན་བློ་གྲོས་ཀྱིས་མཛད་པའི་མན་ངག་གཅེས་པའི་གནད་དོན་བཞི་པ་སོགས་ལེའུ་ཕྲན་འགའ་ཡི་ལུང་ཞུས་མཚམས་རིན་པོ་ཆེ་རྣམ་གཉིས་ནས་མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་བཀའ་མོལ་ལྷུག་པོར་གནངས།

གོང་ཚེས་ཉིན་རྒྱབ་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཅི་ལྟར་གསོལ་འདེབས་ཞུས་པ་བཞིན། རིན་པོ་ཆེ་མཆོག་ནས་གནས་བཞུགས་བླ་གྲྭ་ཁག་དང་དད་ལྡན་མི་མང་ཡོངས་ལ་ཚེ་སྒྲུབ་བྱ་རི་མའི་བཀའ་དབང་བསྩལ།

ཉིན་འདིར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་དང་། སྔར་སྲོལ་གསོ་རིག་འབུམ་བཞི། གཞི་རིམ་འཛིན་གྲྭ་བཅས་ལ་བཞེས་ལག་རྒྱས་འབུལ་གནང་རྗེས། ཐེངས་འདིའི་བལ་ཡུལ་གྱི་མཛད་འཕྲིན་གྲུབ།

ཕྱི་ཚེས་༡༧ཉིན་གྱི་སྔ་དྲོར་ཁྲི་བརྟན་ནོར་བུ་རྩེའི་འདུས་མང་ཡོངས་ནས་ཕེབས་སྐྱེལ་གྱིས་བླ་བྲང་གི་ཕྱག་མཛོད་དང་། གྲྭ་ཚང་གི་མགྲོན་གཉེར་རྣམ་པས་(Chitwan)Park safiriམགྲོན་ཁང་བར་དུ་ཕེབས་སྐྱེལ་ཞུས།

ཕྱི་ཚེས་༡༨ཉིན་གྱི་ཞོགས་པར་ཆུ་ཚོད་༤།༣༠སྟེང་མགྲོན་ཁང་ནས་ཕེབས་ཐོན་གྱིས་རྒྱ་བལ་གཉིས་ཀྱི་ས་མཚམས་Raxaulབར་དུ་གླིང་ཚང་གཡུང་དྲུང་འོད་ཟེར་གྱིས་ཕེབས་སྐྱེལ་ཞུས་པ་དང་། ཐེངས་འདིའི་མགོ་མཇུག་བར་གསུམ་དུ་ས་མཚམས་བསུ་སྐྱེལ་སོགས་ཁོང་གི་ཕྱག་རོགས་རམ་འདེགས་འོག་ཕྱི་དྲོ་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིའི་མགྲོན་ཁང་le meridian དུ་འབྱོར་ནས་ཉིན་གཉིས་རིང་སྐུ་ངལ་གསོས།

ཕྱི་ཚེས་༢༠ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠སྟེང་ཕེབས་ཐོན་གྱིས་ཕྱི་དྲོའི་ཆུ་ཚོད་༥།༠༠སྟེང་རང་དགོན་དུ་བདེ་འཚམས་ངང་འབྱོར་བའི་གནས་བསྡུས་སུ།