གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༤༤འཁོར་བའི་དུས་ཆེན།

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་སུམ་སྟོང་གཅིག་བརྒྱ་ལྔ་བཅུ་ང་དགུ། བོད་ཆུ་སྟག་ལོའི་ཟླ་བ་གཉིས་པའི་ཚེས་བཞི་ཉིན་ཏེ། ཕྱི་ལོ་༢༠༢༢ཟླ་༤པའི་ཚེས་༥ཉིན་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༤༤འཁོར་བའི་དུས་ཆེན་མཛད་སྒོ་སྤེལ་བ།

དེ་ཡང་གོང་ཚེས་ཉིན་གྱི་ཞོགས་པར་ཆུ་ཚོད་བདུན་པའི་ཐོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་འདུས་མང་ཡོང་ནས་དར་ཆེན་སྒྲེང་འཛུགས་དང་རབ་གནས་གནང་བ་དང་། དེ་ནས་གྲྭ་མང་ཡོངས་ནས་བསང་གསོལ་ལྷ་རྒྱལ་འཐེན་གྱིས་བསང་གསོལ་ཆོ་ག་མཇུག་གྲུབ་རྗེས།

གཡུང་དྲུང་བོན་གྱི་བཤད་སྡེའི་དྲུང་ཡིག་ཚེ་དབང་བསྟན་འཕེལ་ལགས་ནས་གཙོ་སྐྱོང་དང་སྦྲགས། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་།
དེ་བཞིན་༧སྨན་རིའི་དཔོན་སློབ་ཡང་སྟོན་རིན་པོ་ཆེ་རྣམ་པ་གཉིས་གདན་ཞུས་ཀྱིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་སྒྲེང་བ་དང་ཆབས་ཅིག་བཀྲ་ཤིས་མེ་ཏོག་གི་ཆར་བ་སྙིལ་མཚམས།

སེར་སྐྱ་མི་མང་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས། སྨོན་ལམ་གསུངས་གྲུབ་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་པ་བཅས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་།

དངོས་གཞིའི་མཛད་རིམ་ཐོག་མར་སྐྱ་སེར་ཡོངས་ལ་རྟེན་འབྲེལ་གྱི་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་པ་དང་ཆབས་ཅིག་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཁྱུང་གསས་འཕྲིན་ལས་ལགས་ནས་རྣམ་འདྲེན་རྒྱལ་བའི་དབང་པོ་ནས་བཟུང་ད་བར་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་སྔར་བྱུང་དང་།

ད་ལྟའི་གནས་བབ། མ་འོངས་པའི་འཕེལ་རྒྱས་སྐོར་ནས་གསུང་བཤད་གྲུབ་རྗེས། རིམ་པ་ལྟར་ཚོགས་མགོན་དུ་ཞབས་སོར་འཁོད་པའི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སློབ་དཔོན།

དེ་མིན་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་འགོ་འཛིན་དག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་བཀའ་སློབ་བསྩལ།

དེ་ཡང་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྔོན་གྱི་བླ་ཆེན་སྐྱེས་ཆེན་ཁག་ནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་ཐད་སྐུ་ངལ་མཛད་མེད་བསྐྱོན་པས། ད་ལྟའི་སློབ་གཉེར་མཐུན་རྐྱེན་འཛོམས་པོ་འདི་ལྟར་ཡོད་པ་ཡིན་ལ།

ད་ནི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཐབས་ལམ་དགེ་རྒན་གཅིག་པུའི་འགན་མ་ཡིན་པར། སློབ་གཉེར་བ་རང་ངོས་ནས་འབད་བརྩོན་བྱེད་དགོས་སྐོར་གྱི་བཀའ་སློབ་གནད་སྨིན་བསྩལ།
དེ་རྗེས་གཞུང་རྒྱུགས་རིགས་ཕུད་པའི་འཕར་རྒྱུགས་སོགས་དམིགས་བསལ་ངག་རྒྱུགས་འབུལ་མཁན། དེ་མིན་ལོ་འཁོར་ཡིག་རྒྱུགས་ཁྲོད་ཨང་དང་པོ་དང་། གཉིས་པ། གསུམ་པ་ལེན་མཁན་བཅས་བཅས་ལ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་གསོལ་རས་གཟེངས་རྟགས་བསྟོད་བསྔགས་ཕྱག་འཁྱེར་བསྩལ་གནང་བ་སོགས་ཀྱི་མཛད་བཟང་བསྐྱངས་གྲུབ་རྗེས།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ནས་དུས་ཆེན་འདི་དང་འབྲེལ་ཏེ་བཀའ་སློབ་སྩལ་དོན། སྤྱིར་སངས་རྒྱས་ཀྱི་བསྟན་པ་ནི་སེམས་ཅན་བདེ་ཐབས་སུ་མཛད་པ་ཡིན་ལ། དེ་ཡང་སེམས་ཅན་གྱི་བདེ་ཐབས་ནི། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ལས་རག་ལས་པས། བཤད་སྒྲུབ་ཀྱི་བསྟན་པ་འདི་དར་ཞིང་རྒྱས་པ་ཡིན་ན། སེམས་ཅན་ལ་བདེ་སྐྱིད་སྐྲུན་བཞིན་ཡོད་པའི་གནད་ངོས་འཛིན་གྱི་སྒོ་ནས་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་པ་རེད། མཇུག་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་དུས་ཆེན་རྒྱལ་ཁའི་ངང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།