གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་གླིང་དུ་སྐབས་༡༥པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོ་གྲུབ་པ།

གཤེན་གྱི་འབྱུང་ལྡན་༣༠༡ནང་ཚན་བོད་རྒྱལ་ལོ་༣༡༥༩ཕྱི་ལོ་༢༠༢༢ལོའི་ཟླ་བ་༤ཚེས༡༠ནས་༡༥རིང་སྟེ་ཉིན་ལྔའི་རིང་གདན་ས་དང་བཙུན་དགོན་ཁག་གི་གསུང་བཤད་པ་དག་དང་། མཐོ་སློབ་ཁག་གི་གསུང་བཤད་པ་རྣམས་ནས། གཏན་འབེབས་བརྗོད་གཞིའི་ཐོག་ནས་ཉིན་རིམ་བཞིན་གསུང་བཤད་དང་དྲི་བ་དྲིས་ལན་གྱི་རྣམ་པས་མཛད་རིམ་བསྐྱངས་ཡོད་པ་དང་།

དེ་རིང་སྟེ་ཕྱི་ཚེས་༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༣༠སྟེང་ཚོགས་བཅར་ཚང་འཛོམས་ཐོག གོ་སྒྲིག་ཚོགས་ཆུང་གི་དྲུང་ཡིག་ལགས་ཀྱིས་གཙོ་སྐྱོང་འོག  ཐེངས་འདིའི་དཔྱད་རྩོམ་འགྲན་བསྡུར་མཉམ་ཞུགས་གནང་ཕྱོགས་དང་མཉམ་ཞུགས་གནང་མཁན་དག་གི་འགྲན་རྩོམ། ཆེད་ལས་དཔྱད་འདེམས་པ་གསུམ་ནས་སྤྲད་པའི་ཨང་རིམ་ལྟར། སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་ལགས་ནས་ཕྱག་འཁྱེར་བསྩལ་ཡོད་པ་དང་།

ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་ནས་༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དང་། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་བཅས་ལ་ཐུགས་རྗེའི་ལེགས་གསོལ་གཟེངས་རྟགས་ཕུལ་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཚོགས་བཅར་བ་རྣམས་དང་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི། དེ་བཞིན་སྤྱི་ཁྱབ་འབྲེལ་མཐུད་པ། གོ་སྒྲིག་ཚོགས་ཆུང་གི་ལས་རོགས་བཅས་ལ་ཐུགས་རྗེའི་ལེགས་གསོལ་གྱི་མཛད་རིམ་གྲུབ་རྗེས། གོ་སྒྲིག་ཚོགས་གཙོ་དང་སྤྱི་ཁྱབ་འབྲེལ་མཐུད་པ། ཞིབ་འཇུག་ཚོགས་གཙོ་བཅས་ནས་བོད་ཀྱི་མཐོ་རིམ་སློབ་མས་ཚབ་བྱས་ཏེ་སྤྱི་མཐུན་ལྷན་ཚོགས་ལ་ཐུགས་རྗེའི་ལེགས་གསོལ་གྱི་མཛད་རིམ་བསྐྱངས་པ་དང་སྦྲགས།

ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་ལགས་ནས་ཉམས་མྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། དེ་ཡང་ཞིབ་འཇུག་ཚོགས་ཆུང་གི་ལས་འགན་དེ་ཚོགས་རིམ་ཁག་གི་གྲོས་ཆོད་དག་འབྲེལ་ཡོད་ཡིག་ཚང་ཁག་ལ་སྙན་ཞུ་ཕུལ་ནས་གྲུབ་འབྲས་རྩོད་ལེན་བྱེད་པ་ཞིག་ཆགས་བསྡད་ཡོད་ལ། དེ་ཡང་བོད་ཀྱི་མཐོ་རིམ་སློབ་མའི་སྡིངས་ཆ་འདི་བྱེས་ཀྱི་མཐོ་སློབ་ཁག་གཅིག་པུ་མ་ཡིན་པར། གཞིས་ཀྱི་མཐོ་སློབ་ཀྱི་ཚབ་མཚོན་བཞུགས་སྟེགས་བཞག་ནས།  གཞིས་བྱེས་གཉིས་ཀྱི་མཐོ་སློབ་མཉམ་འཛོམས་ཀྱིས་བགྲོ་གླེང་བྱེད་བཞིན་པའི་རྣམ་པ་མཚོན་ཡོད་པའི་སྐོར་ནས་འགྲེལ་བརྗོད་བྱས་ཡོད་པ་དང་།

གོ་སྒྲིག་ཚོགས་ཆུང་གི་རྩིས་པ་ནས་རིམ་བཞིན་དངུལ་གཉེར། དྲུང་ཡིག ཚོགས་གཞོན། ཚོགས་གཙོ་བཅས་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི། ཚོགས་པ་སྒེར་གྱི་ངོས་ནས་འགྲོ་གྲོན་གཏོང་ཆོག་པའི་མ་དངུལ་མེད་རྐྱེན། ཞལ་འདེབས་སློང་བའི་རིམ་པ་ཞིག་གི་སྒོ་ནས་མཛད་སྒོ་ཚོགས་དགོས་པ་སོང་ཙང་། དཀའ་ངལ་མི་ཉུང་བ་ཞིག་གོ་སྒྲིག་ཚོགས་ཆུང་འདི་ལ་འཕྲད་ཟིན་ལ། ཐེངས་རྗེས་མའི་གོ་སྒྲིག་ཚོགས་ཆུང་ལའང་འཕྲད་ངེས་པས། དེའི་དཀའ་ངལ་ཕྱོགས་ནས་གདོང་ལེན་བྱེད་ཕྱོགས་དང་ཉམས་མྱོང་སྒོ་ནས་གསུང་བཤད་གནང་ཡོད་པ་རེད།

བོན་གཞིས་ས་གནས་འགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས་ནས། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་གལ་ཆེན་དང་འགངས་ཆེན་ཞིག་ཡིན་པ་དང་།

དེ་ཡང་ཐེངས་རྗེས་མའི་ཚོགས་འདུ་དག་གཞུང་ངོས་ནས་འགྲོ་གྲོན་ཡོད་པའི་ཚོགས་འདུ་ཞིག་ཏུ་འགྱུར་བའི་རེ་སྐུལ་ཞུས་ཡོད་པ་རེད།

དམིགས་བསལ་སྐུ་མགྲོན་གཙོ་བོ་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཐེངས་འདིའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་གདན་ས་སྨན་རིར་ཚོགས་ཐུབ་པ་དམིགས་བསལ་ཅིག་དང་། བོན་གྱི་རིག་གཞུང་ནི་བོད་ཀྱི་རིག་གཞུང་གི་ངོ་བོ་མཚོན་པའི་རིག་གནས་ཤིག་ཡིན་པ་དང་། དེ་ཡང་སྐྱ་སེར་དབྱེར་མེད་མཉམ་འཛོམས་ཀྱིས་ཉིན་ལྔའི་རིང་བགྲོ་གླེང་ལྷུག་པོར་གནང་ཡོད་པས། སོ་སོར་མཉམ་མྱོང་དང་བློ་སྐྱེད་མི་དམན་པ་རེག་ཡོད་པའི་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུང་བཤད་གྲུབ་མཚམས། སྐུ་མགྲོན་དང་ཚོགས་བཅར་བ་རྣམས་མཉམ་པར་སྒྲོན་པ་དང་ཆབས་ཅིག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་མཇུག་ལེགས་པར་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་ཐ་ཙན་མུ་ཙུག་སྨར།