གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་བཞིན་པ།

གཤེན་གྱི་འབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རྒྱལ་ལོ་སུམ་སྟོང་གཅིག་བརྒྱ་ལྔ་བཅུ་ང་དགུ། བོད་ཆུ་སྟག་ལོའི་ཟླ་བ་གསུམ་པའི་ཚེས་༡༠-༡༦བཅས་དང་། ཕྱི་ལོ་༢༠༢༢ཟླ་༥པའི་ཚེས་༡༡-༡༧བཅས་བདུན་ཕྲག་གཅིག་རིང་འདི་ག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་བཞིན་ཡོད་ལ།

དེ་ཡང་ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་༧གོང་ས་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་མཆོག་དང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག

གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ། བསླབ་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་དབུས་པའི་རིས་མེད་ཆོས་རྒྱུད་ཁག་གི་བླ་ཆེན་སྐྱེས་ཆེན་རྣམ་པའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་གསང་གསུམ་གྱི་མཛད་འཕྲིན་རྒྱས་པ་དང་།

ཡངས་པའི་ཁམས་སུ་སྐྱེ་འགྲོ་ཀུན་གྱི་མི་མཐུན་རྒུད་པའི་ཚོགས་རྣམས་ཉེ་བར་ཞི་ཞིང་། ཁྱད་པར་དུ་ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བདལ་འགྲོ་བཞིན་ཡོད་པའི་ཏོག་དབྱིབས་ནད་ཡམས་དང་། དམག་ཕྲུག་གི་རྐྱེན་པས་རྒྱལ་ཁབ་མང་པོ་དཀའ་ངལ་ཕྲད་དང་འཕྲད་བཞིན་པ་འདི་དག་མྱུར་དུ་ཞི་སྟེ།

སྐྱེ་འགྲོ་མཐའ་དག་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ཆེད་དུ། ལོ་རེའི་འཆར་ཅན་ལྟར་ལོ་དུས་ཀྱི་གསོལ་ཁ་དང་། ཟླ་དུས་ཀྱི་མཆོད་པ། ཞེས་པ་ལྟར་འདི་ག་སངས་རྒྱས་༧གཡུང་དྲུང་བོན་གྱི་གདན་ས་གོང་མ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་བསྟན་སྲུང་ཡོངས་ཀྱི་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་འབུལ་ལམ་ཡོད་པ་བཞིན།


འདི་ལོར་ཡང་གཟའ་སྐར་ཚེས་བཟང་དང་བསྟུན་ཏེ། བོད་ཚེས་༡༠ནས་དབུ་བཟུང་ཞིང་བདུན་གཅིག་གི་རིང་དུ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སེམས་དཔའ་འདུས་པ་རྒྱ་མཚོ་དང༌།

བོན་ཕྲུག་བདེ་དོན། བཙུན་དགོན་རདྞ་སྨན་གླིང་གི་བཙུན་མ་རྣམས་ཀྱིས་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་ཡོད་པ་ལགས་ན།

དེ་ལུགས་སུ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་རྗེས་སུ་འཇུག་པའི་དད་ལྡན་སེར་སྐྱ་མི་མང་ཡོངས་ཀྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་བརྩོན་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

བརྙན་ལེན་པ། ཁྱུང་ཁྲི་རྒྱལ།