གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་ལོ་འཁོར་རྒྱུགས་སྤྲོད་དང་སྐབས་གསུམ་པའི་སྨན་པ་དཀའ་བཅུ་པའི་ཐོན་རྒྱུགས་ཆེན་མོ་མཇུག་ལེགས་པར་གྲུབ་པ།

དེ་ཡང་ཕྱི་ལོ་ ༢༠༢༡།༢༠༢༢ ལོའི་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་༧སྨན་རིའི་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་ལོ་འཁོར་རྒྱུགས་སྤྲོད་དང་སྐབས་

གསུམ་པའི་སྨན་པ་དཀའ་བཅུ་པའི་ལོ་འཁོར་ཐོན་རྒྱུགས་ཆེན་མོ་ནི་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༢༥ ནས་དབུ་འཛུགས་གནང་ནས་ཁ་སང་སྟེ་ཟླ་ ༥ ཚེས་ ༢༥ ཉིན་མཇུག་ལེགས་པར་གྲུབ། ལོ་རིམ་ལྔ་པའི་ལོ་འཁོར་ཐོན་རྒྱུགས་ཆེན་མོར་སྐབས་བབས་སྦྱང་བྱའི་གསོ་རིག་འབུམ་བཞིའི་སྨན་གཞུང་ལོ་རིམ་དང་པོ་ནས་ལྔ་པའི་བར་གྱི་སློབ་ཚན་ཡོངས་རྫོགས་ནས་དྲི་ཤོག་བཟོ་དགོས་པ་དང་།

དཔེར་ན་ཐུགས་འབུམ་མཁའ་སྔོན་ལས་དྲི་ཤོག་གཉིས། སྨན་འབུམ་དཀར་པོ་ལས་དྲི་ཤོག་གཉིས། དཔྱད་འབུམ་ཁྲ་བོ་ལས་དྲི་ཤོག་བཞི། ནད་འབུམ་ནག་པོ་ལས་དྲི་ཤོག་གཉིས། བྱང་ཁོག་ཡུལ་ཐིག་ལས་དྲི་ཤོག་གཉིས། སྨན་གྱི་འདུལ་སྦྱོང་ལས་དྲི་ཤོག་གཅིག སྨན་གྱི་རྩ་བ་ངག་རྒྱུགས།

ཁྲོལ་སྨན་ངོས་འཛིན་གྱི་རྒྱུགས་སྤྲོད་བཅས་ཁྱོན་རྒྱུགས་སྤྲོད་བཅོ་ལྔ་འབུལ་དགོས་པ་དང་ལོ་རིམ་བཞི་པ་གསུམ་པ་གཉིས་པ། དང་པོ་བཅས་ལ་ལོ་འཁོར་རྒྱུགས་སྤྲོད་ཁོངས་སྨན་གྱི་དྲི་ཤོག་གཉིས། སྨན་གྱི་རྩ་བ་ངག་རྒྱུགས། སྨན་གྱི་སྡོང་འགྲིམས་དང་འཁྲུངས་དཔེ་ངོས་འཛིན། རིག་གནས་རྩ་བ་ངག་རྒྱུགས་དང་བྲིས་རྒྱུགས་གཉིས་བཅས་ཁྱོན་རྒྱུགས་སྤྲོད་དྲུག་འབུལ་དགོས།

དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་བཅའ་ཁྲིམས་དགོངས་དོན་བཞིན་དེབ་སྐྱེལ་ཟིན་པའི་གསོ་རིག་སློབ་གཉེར་ཁང་ཡོངས་ནས་ཐོན་རྒྱུགས་ཆེན་མོའི་སྐབས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་སྐུ་ཚབ་གཅིག་ཟུར་དཔང་དུ་གདན་འདྲེན་ཞུ་དགོས་པ་བཞིན། ད་ལན་གསོ་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྨན་པ་ཚེ་རིང་མཚམས་གཅོད་མཆོག་དངོས་སུ་ཆེད་ཕེབས་གནང་ནས་ཐོན་རྒྱུགས་ཆེན་མོར་གཟིགས་ཞིབ་ལེགས་པར་བཀའ་དྲིན་བསྐྱངས་གནང་ནས།

སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་གནས་ཚད་སྤུས་ལེགས་གོང་མཐོར་གཏོང་དགོས་པ་སོགས་དགེ་ལས་ལྷན་རྒྱས་ལ་ལམ་སྟོན་བཀའ་སློབ་གནང་བ་དང་སྐབས་དང་པོའི་སློབ་ཐོན་སྨན་པ་དཀའ་བཅུ་པ་རྣམས་ལ་༼བོད་ཀྱི་གསོ་བ་རིག་པའི་སྨན་པའི་དེབ་སྐྱེལ་ལག་ཁྱེར་༽བཀའ་དྲིན་སྩལ་གནང་ནས་མཐོ་སློབ་ཀྱི་རྩ་འཛིན་སྒྲིག་གཞིའི་དགོངས་དོན་བཞིན་ལོ་འཁོར་རྒྱུགས་སྤྲོད་དང་ལོ་འཁོར་ཐོན་རྒྱུགས་བཅས་ལེགས་པར་གྲུབ་པས་གནས་བསྡུས་སུ།།