གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མཛད་འཕྲིན་གྲུབ་ནས་ཕྱིར་རང་དགོན་དུ་ཆིབས་བསྒྱུར་བསྐྱངས་པ།

ཅི་ལྟར་ལོ་ཤས་སྔོན་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་ཡོ་རོབ་ཨི་ཏྲ་ལིའི་རྒྱལ་ས་རོམ་གཙུག་ལག་མཐོ་སློབ་”Sapienza University of Rome”ཀྱི་གཙུག་ལག་སློབ་དཔོན་ཌོན་ན་ཏྲི་Prof. Donatella Rossi མཆོག་ནས་དམིགས་བསལ་གཙུག་ལག་སློབ་དཔོན་ཆེན་མོ་Visiting Professor Program 2022 གདན་ཞུའི་ལས་གཞིར་ཕེབས་རྒྱུའི་རེ་སྐུལ་ཞུས་པ་བཞིན།

རིན་པོ་ཆེ་མཆོག་ནས་ད་ལོ་སྤྱི་ཟླ་ལྔ་པའི་ནང་ཟླ་བ་གཅིག་རིང་ཕེབས་རྒྱུའི་ཞལ་བཞེས་བཟང་པོ་གནང་བ་བཞིན། མཐོ་སློབ་ནས་ཡོ་རོབ་ཕེབས་རྒྱུའི་འགྲོན་ཤོག་དང་གནམ་གྲུའི་འཛིན་ཤོག་བཅས་ལེགས་པར་གྲུབ་མཚམས། སྤྱི་ལོ་༢༠༢༢ཟླ་༤ཚེས་༢༩ ཉིན་ཞོགས་པ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་དང་སྒྲུབ་ཁང་དུ་མཇལ་ཁ་འཕྲིན་བཅོལ་མཛད་རྗེས་རང་དགོན་སྨན་རི་ནས་ལྡི་ལིར་འབྱོར། སྤྱི་ཚེས་ ༣༠ ཉིན་ལྡི་ལི་གསར་པའི་གནམ་ཐང་ནས་ཀུ་ཝེད་Kuwait མཁའ་ལམ་བརྒྱུད། སྤྱི་ཟླ་༥ ཚེས་༡ ཉིན་ཡོ་རོབ་ཨི་ཏྲ་ལིའི་རྒྱལ་ས་རོམ་དུ་འབྱོར། དེར་གནམ་ཐང་དུ་རོམ་གཙུག་ལག་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ། Dr Donatella Rossi མཆོག་དང་དེར་གནས་བཞུགས་གཡུང་དྲུང་བོན་གྱི་ཉམས་ལེན་པ་ཁག་ཅིག་གིས་སྣེ་ལེན་ཞུས་ནས་རིན་པོ་ཆེ་མཆོག་བཞུགས་ཤག་ཏུ་བདེ་བར་འབྱོར།

སྤྱི་ཚེས་༢ ཉིན་རོམ་གཙུག་ལག་མཐོ་སློབ་”Sapienza University of Rome” དུ་ཕེབས་ནས་དེར་ཤར་ཕྱོགས་ཨེ་ཤི་ཡའི་ཆོས་དང་རིག་གཞུང་སློབ་གཉེར་སྡེ་ཚན་གྱི་དབུ་འཛིན་གཙོས་ལས་བྱེད་ཁག་ལ་མཇལ་འཕྲད་དང་མཐོ་སློབ་དུ་ལྟ་སྐོར་ཕེབས།

སྤྱི་ཚེས་༣ ཉིན་རོམ་རྒྱལ་སར་སྔ་མོའི་རོ་མན་གྱི་ལོ་རྒྱུས་མཚོན་པའི་མཁར་ཤུལ་སོགས་སུ་ལྟ་སྐོར་དུ་ཕེབས། སྤྱི་ཚེས་༤ ནས་དངོས་སུ་རོམ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ཌོ་ན་ཏྲི་Prof. Donatella Rossi དང་མཉམ་ཕྱག་ལས་དབུ་འཛུགས་གནང་ནས་ཉིན་ལྟར་ཆུ་ཚོད་གཉིས་ཙམ་རིང་བཅས་ཟླ་བ་གཅིག་རིང་ཕྱག་ལས་རྒྱུན་བསྐྱངས།  ཕྱག་ལས་གཙོ་བོ་ཏུན་ཧོང་ནས་ཐོན་པའི་བོན་དཔེ་ཞང་ཞུང་ཇུ་ཐིག་གི་ཕྱག་དཔེ་གཙོ་བོར་བྱས་ནས་གཞན་ཡང་བོན་དཔེ་ཁག་གཅིག་ལ་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ཕྱག་ལས་གནང་། གཞན་ཡང་མཐོ་སློབ་ཀྱི་དཔེ་མཛོད་གྲགས་ཆེན་སྤྱི་ལོ་༡༩༥༩ ལོའི་སྔོན་བོད་ནས་བསྣམས་པའི་བོན་གྱི་དཔེ་རྙིང་བྲིས་མ་ཁག་མང་པོ་ཞིག་འདུག་པས་དེར་བརྟག་དཔྱད་ཉམས་ཞིབ་གནང་ཡོད་པ་མ་ཟད་མཐོ་སློབ་ངོས་ནས་མ་འོངས་པར་ཡང་དཔེ་རྙིང་ཁག་ལ་དག་སེལ་བྱེད་དགོས་འདུག་པར། རིན་པོ་ཆེ་མཆོག་ལ་མ་འོངས་པར་རོགས་མགོན་དུ་ཕེབས་སྐུལ་ཡང་ཡང་ཞུས། གཞན་ཡང་རོམ་རྒྱལ་སར་ཡོད་པའི་ལག་བཟོས་ཤོག་བུ་བཟོ་སྟངས་ཀྱི་སློབ་གྲྭའི་གདན་ཞུས་ལྟར་དེར་ཕེབས་ནས་གནའ་བོའི་བལ་པོ་དང་ཨི་ཏྲ་ལིའི་ཤོག་བུ་བཟོ་སྟངས་སོགས་ལ་ལྟ་སྐོར་གནང་ནས་ཁོང་ཚོར་མ་འོངས་པར་རང་དགོན་སྨན་རིར་ཕེབས་ནས་ཤོག་བུ་བཟོ་སྟངས་ཀྱི་ཟབ་སྦྱོང་སྤྲད་རྒྱུའི་ཐད་གྲོས་བསྡུར་བྱས། 

སྤྱི་ལོ་༢༠༢༢ཟླ་༥ཚེས་ ༢༨དང་༢༩ བཅས་ཉིན་གཉིས་རིང་ཅི་ལྟར་ཞིང་གཤེགས་ཆོས་རྒྱལ་མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གི་ཆོས་ཚོགས་ལྟེ་བ་མེ་རི་གར་ལས་བྱེད་རྣམས་ནས་ཅི་ལྟར་གདན་ཞུས་ལྟར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དེར་ཉིན་གཉིས་རིང་ཆེད་ཕེབས་ཀྱིས་ཚོགས་ཁང་དང་ཞིང་གཤེགས་རིན་པོ་ཆེ་མཆོག་གི་སྐུ་གདུང་དུ་མཇལ་ཁ་ཞུས། གཞན་ཡང་གནས་དེའི་དཔེ་མཛོད་ཁང་དང་མེ་རི་གར་གྱི་ཡན་ལག་འགྲེམས་སྟོན་ཁང་དུ་ཕེབས་ནས་དེར་ནམ་མཁའི་ནོར་བུ་རིན་པོ་ཆེས་བསྡུ་རུབ་བྱས་པའི་དངོས་རྫས་མང་པོ་སྤྱན་འབུལ་ཞུས། གཞན་ཡང་དེར་བཞུགས་སློབ་མ་དང་ལས་བྱེད་རྣམས་ལ་ཆོས་ཚོགས་འདི་གལ་ཆེན་ཡིན་རབས་དང་མུ་མཐུད་ནས་རྒྱུན་སྐྱོང་བྱེད་དགོས་པའི་བཀའ་སློབ་བཀའ་དྲིན་བསྩལ། 

སྤྱི་ཟླ་༦ ཚེས་༡ ཉིན་རོམ་ Rome རྒྱལ་ས་ནས་མཁའ་ལམ་བརྒྱུད་པོ་ལན་ཌི་Poland རྒྱལ་སར་འབྱོར་ནས་དེར་གདན་ས་སྨན་རིའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་ཕྱག་བཏབས་པའི་བོན་ཚོགས་བྱམས་མ་གླིང་གི་ཚོགས་མི་ནས་ཕེབས་བསུ་ཞུས།

ཚེས་༢ ཉིན་བྱམས་མ་གླིང་བོན་ཚོགས་དྲྭ་ལམ་བརྒྱུད་ནས་དཀའ་སྡུག་གི་སྐབས་སུ་སེམས་ཞི་བདེ་དང་སྐྱིད་པོ་ཅི་ལྟར་བྱ་དགོས་མིན་སྐོར་ལ་ཚོགས་ཁང་ནང་མི་གྲངས་༡༠༠ དང་དྲྭ་ལམ་བརྒྱུད་མི་གྲངས་༢༠༠ ལྷག་ལ་བཀའ་སློབ་བཀའ་དྲིན་བསྩལ།

ཚེས་༣ ཉིན་བྱམས་མ་གླིང་བོན་ཚོགས་སུ་པོ་ལན་གཙོས་ཡོ་རོབ་རྒྱལ་ཁབ་འདྲ་མིན་ཁག་ནས་ཕེབས་པའི་གཡུང་དྲུང་བོན་ཕྱོགས་སུ་ཉམས་ལེན་མཛད་མཁན་ཁྱོན་མི་གྲངས་༢༠༠ ལྷག་ལ་སངས་རྒྱས་སྨན་ལྷའི་བཀའ་དབང་དང་དཔེ་ཁྲིད་གནངས། 

ཚེས་༤ ཉིན་བྱམས་མ་གླིང་བོན་ཚོགས་སུ་ཚེ་དབང་བྱ་རི་མའི་བཀའ་དབང་དང་ཁྲིད་བཅས་གནང་། དེ་བཞིན་ཚེ་སྒྲུབ་ཀྱི་གཞུང་དང་གེ་ཁོད་ མེ་རི་ ཁྱུང་དམར་བཅས་ཀྱི་ལུང་གནང་།

ཚེས་༥ ཉིན་བྱམས་མ་གླིང་བོན་ཚོགས་སུ་ཤེས་རབ་སྨྲ་སེང་བཀའ་དབང་དང་དཔེ་ཁྲིད་བཅས་ཉིན་གསུམ་རིང་ཚེ་སྒྲུབ་སྨྲ་སེང་སྨན་ལྷ་སོགས་ཀྱི་དབང་ལུང་ཁྲིད་གསུམ་གནངས།

ཚེས་༦ ཉིན་པོ་ལན་རྒྱལ་ས་ནས་མཁའ་ལམ་བརྒྱུད་ཨི་ཏྲ་ལི་རོམ་རྒྱལ་སར་ཕྱིར་ཕེབས་ནས་ཚེས་༧ ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་་ཨི་ཏྲ་ལིའི་རྒྱལ་ས་རོམ་གཙུག་ལག་མཐོ་སློབ་”Sapienza University of Rome”ཏུ་ཟླ་བ་གཅིག་རིང་དམིགས་བསལ་གཙུག་ལག་སློབ་དཔོན་ཆེན་མོ་ Professor གདན་ཞུའི་ལས་གཞི་ཉིན་མཐའ་མར་མཐོ་སློབ་ཀྱི་དྲ་ལམ་བརྒྱུད་ཤར་ཕྱོགས་ཨེ་ཤི་ཡའི་རིག་གཞུང་སློབ་གཉེར་བ་རྣམས་ལ་གཡུང་དྲུང་བོན་གྱི་སྐོར་ངོ་སྤྲོད་ཆུ་ཚོད་གཉིས་རིང་རྒྱས་པར་གནང་ནས་མཛད་འཕྲིན་མཇུག་གྲུབ་པ་དང་མཐོ་སློབ་ཀྱི་ངོས་ནས་རིན་པོ་ཆེ་མཆོག་ལ་”གཙུག་ལག་སློབ་དཔོན་ཆེན་མོའི་ University Professor ཕྱག་འཁྱེར་ཕུལ་བ་མ་ཟད་མ་འོངས་པར་ཡང་མཐོ་སློབ་དང་མཉམ་འབྲེལ་ཀྱི་ལས་གཞི་གནང་རྒྱུའི་འབོད་སྐུལ་ཡང་ཡང་གནང་བ་བཅས་ཀྱིས་མཛད་རིམ་ལེགས་པར་གྲུབ་།

སྤྱི་ཚེས་༨ ཉིན་ཨི་ཏྲ་ལིའི་མཁའ་ལམ་བརྒྱུད་ནས་ཀུ་བེད་Kuwait དང་། དེ་ནས་ཚེས་༩ ཉིན་ཞོགས་པར་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་གནམ་ཐང་དུ་༧གདན་ས་སྨན་རིའི་གྲྭ་ཚང་གཉེར་པ་བློ་གྲོས་དབང་རྒྱལ་དང་། དགེ་བཤེས་བྱ་འཕུར་ཚེ་དབང་རིག་འཛིན་དང་གཉིས་ནས་ཕེབས་བསུ་ཞུས།

ཚེས་༡༡ ཉིན་ལྡི་ལི་ནས་ཆིབས་བསྒྱུར་གྱིས་ཕྱི་དྲོའི་ཆུ་ཚོད་༥།༣༠ཐོག་རང་དགོན་དུ་ཕེབས་འབྱོར་གྱིས། བོན་གཞིས་ཐོབ་རྒྱལ་ལ་མགོར་གཞིས་ཆགས་མི་མང་ནས་ཕེབས་བསུ་དང་། གསོ་རིག་འབུམ་བཞི་མཐོ་སློབ་མདུན་དུ་དགེ་ལས་སོགས་ཀྱི་ཕེབས་བསུ། རང་དགོན་འཕྲོད་བསྟེན་ལས་ཁུངས་ཀྱི་སྒོ་མདུན་དུ་བཤད་སྒྲུབ་མཁན་སློབ་ཟུང་དང་རང་དགོན་སྨན་རིའི་འདུས་མང་ཡོངས་དང་། བཙུན་དགོན་རད་ན་་སྨན་གླིང་། དེ་མིན་བོན་ཕྲུག་བདེ་དོན་དང་། བཤད་སྡེའི་གཞི་རིམ་འཛིན་གྲྭ་བཅས་ནས་ཕེབས་བསུ་བགྱིས་འཆམ་རར་ཕེབས་མཚམས། སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་མཇལ་འཛོམས་ཀྱིས་གཤེན་རབས་མཆོད་རྔའི་མཆོད་དབྱངས་གྲུབ་རྗེས། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་སྔར་སྲོལ་ལྟར་འདུས་མང་ཡོངས་ལ་འགྱེད་མང་ཇ་ཕུལ་ཡོད་པ་དང་རྟེན་འབྲེལ་བཀྲ་ཤིས་ཀྱི་་ཆར་བ་བབས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།