གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཆུ་སྟག་ལོའི་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྤྱི་རིམ་ཆེན་མོ་མཁའ་ཀློང་གསང་མདོས་ཚོགས་བཞིན་པ།

དེ་ཡང་འཆར་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་བཞི་ནས་ཉིན་ལྔའི་རིང་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང། ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པས་གཙོས།

རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཀྱི་ཉེར་འཚེའི་ཚོགས་རྣམས་རྨེག་མེད་དུ་ཞི་ཞིང་། བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྱིར། དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་སྒྲུབ་གཤེན་དུ་མས་ཡི་དམ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་གི་གཞུང་བསྲང་སྟེ་གདངས་དབྱངས་འབྲུག་མོ་ལྡིར་བའི་དབྱངས་རྟ་ལ་དྲངས་པའི་ཚོགས་འཁོར་རྒྱས་འབུལ་དང་།

གསང་སྔགས་སྒོམ་སྒྲུབ་གླིང་གི་ཚོགས་ཁང་ཆེན་མོར་ཉིན་གཉིས་རིང་གི་སྔོན་ཚུད་ཀྱི་བཅའ་བཟོ་གྲུབ་ནས་ཡི་དམ་བོན་སྐྱོང་སྲུང་མ་དང་། མགྲོན་བཞིའི་སྡེ་ཚོགས་མ་ཚང་བ་མེད་པའི་བཀོད་ཚོགས་བོན་ཉིད་ཁྱུང་ནམ་གྱིས་བརྒྱན་པའི་མཁའ་ཀློང་གསང་བའི་མདོས་ཆེན་ལེགས་བཤམ་བཅས་མཁའ་ཀློང་གསང་མདོས་ཀྱི་གཞུང་བསྲང་བ་དང་།

སྨན་རིའི་གཙུག་ལག་ཁང་གི་ཡང་སྟེང་རྣམ་རྒྱལ་ལྷ་ཁང་དུའང་གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བའི་སྟོང་མཆོད་རྒྱས་འབུལ། བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་གདུགས་དཀར་སྟོང་ཟློག་དང་།

བཤད་སྒྲུབ་འདུས་སྡེའི་མཆོད་ཁང་དུ་རྣམ་འཇོམས་སྟོང་ཟློག སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་ཡི་དམ་གསས་མཁར་མཆོག་ལྔ་དང་བོན་སྐྱོང་བསྟན་སྲུང་རྒྱ་མཚོའི་བསྐང་འབུམ་རྣམས་སྐད་ཀྱི་ཅོང་དགུ་སོགས་ཀྱི་འགྱུར་ཁུག་ལ་དྲངས་ནས་གསུང་སྒྲུབ་གནང་བཞིན་པ་དང་།

སང་ཉིན་སྟེ་བོད་ཚེས་བཅོ་ལྔ་འཛམ་གླིང་སྤྱི་བསང་ཉིན་ལྷ་རྒྱལ་རིར་བོན་སྐྱོང་རྟེན་མཁར་དྲུང་༧སྨན་རིའི་མཁན་སློབ་དབུས་བོན་གཞིས་སེར་སྐྱ་མི་མང་ཚང་འཛོམས་ཀྱིས་བསང་གསོལ་རྒྱས་འབུལ་གནང་སྟེ་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་གི་དབུ་འཕང་དགུང་དུ་བསྟོད་གནང་རྒྱུ་བཅས་ཀྱིས་གནས་བསྡུས་ཙམ་དུ།

པར་པ། མཁས་གྲུབ་རིན་ཆེན།