གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྫ་ཁྲོ་ཚང་དགོན་དུ་དགེ་བཤེས་མཛད་སྒོ་སྐབས་དང་པོ་ཚོགས་པའི་གནས་བསྡུས།

དེ་ཡང་ཁམས་རྫ་ཁྲོ་ཚང་དགོན་པར་དགེ་བཤེས་སྐབས་དང་པོ་ཚོགས་ཡོད་པ་དང་། རྫ་ཁྲོ་ཚང་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་འདི་ནི། རྒྱལ་བའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུའམ་བཀའ་རབ་འབྱམས་པ་རྣམ་པས། སྡེ་སྣོད་གསུམ་གྱི་གཞུང་ལུགས་འདོམས་ལ་གཞལ་ཞིང་།

ལུང་དང་རིགས་པའི་རྣམ་དཔྱོད་གློག་བཞིན་འཁྱུག་པ་ལ་མཛད་སྒོ་ཟབ་རྒྱས་སྤེལ་བའི་ལུགས་བཟང་རྨད་དུ་བྱུང་བ་བོད་མདོ་དབུས་ཁམས་གསུམ་དུ་ཡོད་པ་ལ་རྗེས་མཐུན་གྱི་ཚུལ་དུ་བཀོད་སྒྲིག་བྱས་པ་ཡིན་ཞིང་། འདི་ག་གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་མྱི་ལོ་དུ་མར་ཐོས་བསམ་ལྷུར་ལེན་བྱས་པའི་ཤེས་རབ་ཀྱི་ཕུང་པོ་གང་ཡོད་ཐ་དག་གཤེན་རབ་མི་བོའི་བསྟན་པ་ལ་གསལ་བྱེད་དང་། སྐྱེས་བུ་དམ་པའི་མདུན་ས་རུ་མཆོད་འབུལ་ཞིག་ཀུན་ནས་དགོས་པར་བསྒོམ་སྟེ་འདིར་ཆེད་དུ་གདན་ཞུས་བྱས་པ། མདོ་སྨད་བོན་གྱི་འདུ་གནས་ཆེན་མོ་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་དཔོན་སློབ་ཁྲི་རབས་བཅོ་བརྒྱད་པ་དགེ་བཤེས་ཤེས་རབ་གྲགས་པ་མཆོག་དང་།

གཡས་རུ་དབེན་པ་ཁ་གཉིས་པར་གྲགས་པ་མདོ་སྨད་སྣང་ཞིག་དགོན་གྱི་དགེ་བཤེས་སམ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་ཆེན་མོ་ཡོངས་འཛིན་ཤེས་བྱ་ཀུན་གྲགས། བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་དགེ་བའི་བཤེས་གཉེན་ནམ་ཁམས་བྲག་འགོ་རྒྱ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་སློབ་གླིང་གི་དཔོན་སློབ་ཆེན་མོ་དགེ་བཤེས་ཤེས་རབ་སྦྱིན་པ། གཡུང་དྲུང་བོན་གྱི་རྩ་བའི་གདན་ས་ཆེན་མོ་དཔལ་ལྡན་རྒྱལ་བ་སྨན་རི་བའི་དགེ་བཤེས་སམ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་མདོ་སྔགས་བསྟན་འཛིན་དབང་ལྡན་གཙོས། བོན་གྱི་དགོན་སྡེ་སོ་སོ་ན་བཤད་སྒྲུབ་ཀྱི་བསྟན་བསྐྱངས་དང་སྐྱོང་བཞིན་པའི་དགེ་བའི་བཤེས་གཉེན་རྣམ་པ་ཡིན་ལ། གཞན་ཡང་རྫ་ཡུལ་བོན་དགོན་ཁག་གི་གཤེན་གྱི་དགེ་འདུན་པ་མང་པོའི་དགྱེས་ཞལ་མཉམ་དུ་འཛོམས་ཏེ། གཟའ་སྐར་འཕྲོད་སྦྱོར་ལེགས་པ་ཉིན་གསུམ་གྱི་རིང་ལ་མཛད་སྒོ་ཟབ་རྒྱས་སྤེལ་བ་ལེགས་སོ།།

སློབ་གླིང་གི་ངོ་སྤྲོད་ཉུང་བསྡུས།

གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་ནི་སྤྱི་ལོ་ ༢༠༡༢ ལོར་རྫ་ཁྲོ་ཚང་དགོན་གྱི་བསྟན་པའི་བདག་པོ་སྐྱབས་རྗེ་ཁྲོ་སྤྲུལ་རིན་པོ་ཆེ་དང་། མཁན་པོ་གཡུང་དྲུང་བསམ་གཏན་རྣམ་གཉིས་ཀྱིས་རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་ས་བོན་དུ་དམིགས་ཏེ་གསར་དུ་བཙུགས་པ་ཡིན་ཞིང་། ཐོག་མའི་སློབ་དཔོན་ལ་མདོ་སྨད་སྣང་ཞིག་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁྲོ་གཙུག་ཕུད་ཚུལ་ཁྲིམས་མཆོག་ཐོག་མའི་སློབ་དཔོན་དུ་བསྐོས། དེ་དང་དུས་མཚུངས་སུ་ཚད་མ་རིག་པའི་གཞུང་ལུགས་ལ་དོན་གཉེར་ཆེ་ཞིང་ཡུལ་དང་དུས་ཀྱི་དབང་གིས་སྐལ་བ་མ་བྱུང་བའི་རྐང་འཛིན་གྱི་སློབ་མ་ཉི་ཤུ་ལྷག་བསྡུས། དེ་བཞིན་དུ་གདན་ཞུས་དགེ་རྒན་ཆེན་མོ། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་ལི་ཐང་ཚེ་རིང་འགྱུར་མེད། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་ཧོར་རྣམ་རྒྱལ། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་ཤར་བ་བདེ་ལེགས་ཀུན་འབྱུང་། 

གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་དགེ་རྒན་ཚེ་དབང་ནོར་རྒྱལ། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་སྒྲེ་བོ་སྐལ་བཟང་ཆོས་གྲགས། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་སྨོན་རྒྱལ་གཡུང་དྲུང་གཞན་ཕན། རྒྱ་རོང་བཤད་སྒྲུབ་སློབ་གླིང་གི་མཐར་ཕྱིན་རབ་འབྱམས་པ་མིའུ་གདོང་དྲུག མདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བཤེས་ཁྲོ་ཉི་མ་བསྟན་འཕེལ་བཅས་དམ་པ་ཁོང་རྣམ་པས་དགོན་པ་འདི་ཡི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ད་ལྟའི་བར་དུ་འཛིན་སྐྱོང་བླ་མེད་གནང་ཞིང་། ལོ་ངོ་དེ་དག་གི་རིང་ལ། རྫ་འབུམ་རྨད་དགོན་དང་། སེ་ཞིག་དགོན། རྫ་སྟེང་ཆེན་དགོན། རྫ་སྨོན་རྒྱལ་དགོན། ལྕང་ལུང་དགོན། ཞལ་བཞེས་དགོན། སྟག་ཞིག་དགོན། བོན་བརྒྱ་དགོན་སོགས་ནས་སློབ་མ་མང་པོ་མ་བོས་ངང་གིས་འདུས་པ་ལས། དད་པ་ཅན་གྱི་ཚོགས་ཞིང་ལ་དོན་ཡོད་དང་། གཤེན་རབ་མི་བོའི་བསྟན་པ་ལ་སྲི་ཞུ་རུ་དམིགས་ཏེ། འཆད་ཁྲིད་དང་འཆད་ར། བློ་འཛིན་དང་བགྲོ་གླེང་། རྩོད་རྒྱུགས་དང་ཡིག་རྒྱུགས། རིག་གནས་དང་དམ་བཅའ་སོགས་མདོར་ན་སློབ་མའི་ཤེས་རིག་ཡར་རྒྱས་ཀྱི་ཐབས་ལམ་སྣ་ཚོགས་པའི་ལས་ལ་དབྱར་དགུན་ལྟོས་མེད་དུ་གཞོལ་ཞིང་།

ལྷག་པར་དུ་གཡས་རུའི་འཆད་རྩོད་ཆེན་མོ་དང་། གླིང་རྫ་རྒྱུད་རིས་མེད་ཚོགས་འདུ། བཀའ་རྒྱུད་དབྱར་ཆོས་ཆེན་མོ་སོགས་ཚད་མ་རིག་པའི་ཚོགས་འདུར་དངོས་སུ་ཞུགས་པ་ལ་བརྟེན། གཡུང་དྲུང་བོན་ནང་བསྟན་ལྔ་རིག་སློབ་གླིང་གི་རྩ་བ་རྒྱས་ཤིང་རྩེ་མོ་མཆེད་པ་ཡིན་ནོ།། ༧ བཤད་གྲྭའི་ཁྲིད་གཞི་གཙོ་བོ་ནི་བོན་གྱི་ཚད་མ་རིག་པའི་ཁྲིད་གཞི་སྤྱི་ལྟར། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་སུམ་ལྡན་སྡུད་གྲྭ་དང་། དཔོན་སློབ་ཡོན་ཏན་རྒྱ་མཚོའི་རྟགས་རིགས་ཀྱི་དགོངས་དོན་གསལ་བཤད།

རྗེ་ཐམས་ཅད་མཁྱེན་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ། སྟོན་པ་ཐུགས་རྗེ་ཅན་གྱི་ཐེག་འགྲེལ་མེ་ལོང་དགུ་སྐོར། དཔོན་སློབ་སངས་རྒྱས་བསྟན་འཛིན་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག ཡོངས་འཛིན་རིན་པོ་ཆེའི་མཚོན་བྱེད་ཞེ་ལྔའི་རྣམ་བཞག རྗེ་ཐམས་ཅད་མཁྱེན་པའི་ས་ལམ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་ཕར་ཕྱིན་སྐབས་དང་པོ་གཙོས་པའི་ཕར་ཕྱིན་ཡན་ལག་དང་བཅས་པ།  རྗེ་ཐམས་ཅད་མཁྱེན་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ། རྗེ་ཐམས་ཅད་མཁྱེན་པའི་མཛོད་འགྲེལ། རྗེ་ཐམས་ཅད་མཁྱེན་པའི་འདུལ་བ་ཀུན་བཏུས་དང་མདོར་བསྡུས། ཡོངས་འཛིན་རིན་པོ་ཆེའི་གསང་སྔགས་བཀའ་འགྲེལ། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱི་སྔགས་འགྲེལ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ། བྲུ་རྒྱལ་བ་གཡུང་དྲུང་གི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། བྲུ་རྒྱལ་བ་གཡུང་དྲུང་གི་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ།  བླ་ཆེན་དྲན་པ་ནམ་མཁའི་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་ཀྱི་འགྲེལ་བཅས་ཡིན། རིག་གནས་ཀྱི་སྐོར་ནི། བསྐལ་བཟང་ལུང་རྟོགས་རྒྱ་མཚོའི་དག་ཡིག་ལྷ་ཆབ་འཁྱིལ་བ། གཤེན་མཁས་ཚུལ་ཁྲིམས་ཕུན་ཚོགས་ཀྱི་བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ་དང་། གཙང་གཤེན་སྙན་ངག  ནག་རྩིས། སྒྲ་སྦྱོར། ཡིག་རིས། དཀྱིལ་འཁོར་ཐིག་རྩ་སོགས་ཡིན་ནོ།། གཞན་ཡང་དབྱར་དུས་སུ་ལོ་རེའི་རྩོད་རྒྱུགས་ཆེན་མོ། དགུན་དུས་སུ་ལྔ་རིག་འཆད་རྒྱུགས་ཆེན་མོ། སྟོན་དུས་སུ་ཚད་མའི་འཆད་རྩོད་ཆེན་མོ། དཔྱིད་དུས་སུ་སྨྲ་སེང་སྒྲུབ་ཆེན་དང་ཡིག་ཆའི་རྒྱུགས་ཆེན་བཅས་ལོ་རེ་བཞིན་ཆག་མེད་དུ་ཚོགས་དང་འཚོགས་བཞིན་ཡོད། དེ་ལྟའི་ཐོས་བསམ་སྒོམ་གསུམ་གྱི་ལས་ལ་རྒྱུན་དུ་གཞོལ་ཞིང་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་ངང་གིས་འཛིན་པའི་འདུས་སྡེ་དེ་ཉིད་བསྐལ་བ་བརྒྱ་ཕྲག་གི་བར་དུ་གནས་ཤིང་འཕེལ་བའི་སྨོན་འདུན་ལན་བརྒྱར་ཞུ་ཞུ།