གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེས་བོད་ཁུལ་དུ་ནད་ཡམས་དང་ཆུ་ལོག་གིས་དཀའ་ངལ་འཕྲད་མུས་སུ་ཡོད་པར་ཐུགས་གསོའི་འཚམས་འཕྲིན་བསྩལ་བ།

༄༅། །དེ་ཡང་དུས་ཀྱི་མཐར། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིག །ནད་བཅུད་སེམས་ཅན་ནད་མུག་ཚོན་གྱིས་སྟོང་། །ཞེས་གསུངས་པ་ལྟར། དེང་འཛམ་བུ་གླིང་གི་ཡུལ་གྲུ་གང་སར་མེ་ཆུ་རླུང་གསུམ་གྱིས་འཇིག་པ་དང་ནད་མུག་ཚོན་འཁྲུག་གིས་འཇིག་པ་སོགས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང། སྤྱིར་ནས་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན་དང་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ལ་རང་བཞིན་གྱིས་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་ཀྱིས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་འཛམ་བུ་གླིང་གི་བླ་ན་མེད་པའི་དབུ་འཁྲིད་དང་མཛད་གཙོ་རྣམས་ཀྱི་རླབས་ཆེན་གྱི་དགོངས་བཞེས་དང་ཕྱག་ལས་ལ་ངོས་ནས་ཡི་རངས་དང་བསྔགས་བརྗོད་ཞུ། 

ཁྱད་པར་ཉེ་བའི་ཆར་བོད་ནང་གི་ས་ཆ་ཁ་ཤས་དང་ལྷག་དོན་བོད་ལྗོངས་ལྷ་སའི་གྲོང་ཁྱེར་དང་དེའི་ཉེ་འཁོར་ཁག་ལ་ནད་ཡམས་ཀྱི་དཀའ་ངལ་གློ་བུར་བ་ཞིག་འཕྲད་དང་འཕྲད་མུས་ཡིན་པ་དེར། དངངས་སྐྲག་ཁོ་ནའི་ངང་བཞུགས་སྡོད་པ་མ་ཡིན་པར་སོ་སོའི་སྙིང་སྟོབས་དང་རྣམ་དཔྱོད། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་གཅིག་ལ་གཅིག་བརྟེན་དང་ནུས་པ་མཉམ་སྤུངས། སྤྱི་སྒེར་ཀུན་གྱིས་ནད་ཡམས་སྔོན་འགོག་ལ་ཧུར་ཐག ཕན་ཚུན་ལ་ཡིད་ཆེས་ཀྱིས་ནད་ཡམས་སྔོན་འགོག་ལ་ཡིད་གཟབ་ཀྱིས་ལྷོད་གཡེང་དུ་མ་སོང་བ་བྱེད་དགོས་པ་དང་། འབྲེལ་ཡོད་ནད་ཡམས་ལ་ཁ་ཐུག་གདོང་ལེན་གནང་བཞིན་པའི་སྨན་པ་དང་སྨན་ཞབས་པ་སོགས་འབྲེལ་ཡོད་ལས་མི་ཡོངས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

མདོར་ན། བོད་ལྗོངས་ལྷ་ས་གཙོས་བོད་ཡུལ་ས་ཕྱོགས་གང་སར་ནད་ཡམས་ཀྱི་དཀའ་ངལ་གྱི་གནས་སུ་ཡོད་པའི་བོད་མི་ཀུན་ལ་ངོས་ནས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་སངས་ནས་བོད་ཡུལ་སྔར་བཞིན་བདེ་སྐྱིད་ཀྱི་དཔལ་ལ་རོལ་བར་མཆོག་གསུམ་ལ་འཕྲིན་བཅོལ་དང་གསོལ་འདེབས་སྨོན་ལམ་ཤུགས་དྲག་བྱེད་མུས་བཅས།    སྨན་རིའི་ཁྲི་འཛིན་༣༤པས། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༤ ལ།།