གཡུང་དྲུང་བོན་གྱི་དྲྭ་རྒྱ།

མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བོན་གྱི་ལམ་རིམ་སུམ་བརྒྱ་ཉི་ཤུ་པ་དབྱིན་བསྒྱུར་གྲུབ་པའི་དབུ་འབྱེད་མཛད་སྒོ།

དེ་རིང་སྟེ་ཕྱི་ལོ་༢༠༢༢ལོའི་ཟླ་༨ཚེས་༢༡དང་། བོད་ཆུ་སྟག་ལོའི་བོད་ཟླ་༦ཚེས་༢༥ཉིན། གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་༼བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་ཚིགས་སུ་བཅད་པ་ལམ་རིམ་སུམ་བརྒྱ་ཉི་ཤུ་པ༽ཉིད་དབྱིན་བསྒྱུར་གྲུབ་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་ཚོགས་པ་དང་།

དེ་ཡང་སྔ་དྲོའི་ཆུ་ཚོད་དགུ་པའི་སྟེང་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤རིན་པོ་ཆེ་དབུས་གཡུང་དྲུང་བོན་གྱི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་བཅས། ཚོགས་སྡེ་ཁག་གི་དབུ་འཛིན་དང་ལས་བྱེད། དེ་མིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ་བཅས་ཚོམས་ཆེན་དུ་འཛོམས་རྗེས་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་ཕྱེས་དང་བསྒྲགས།

དཔེ་མཛོད་བོད་ཡིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་ཁྲི་བདེ་མཆོག་ལགས་ཀྱིས་གཙོ་སྐྱོང་འོག་ཚོགས་བཅར་བ་ཡོངས་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་།

དཔེ་མཛོད་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་མཆོག་ནས་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ནས་དབྱིན་བསྒྱུར་གྲུབ་པའི་ལམ་རིམ་འདི་ཉིད་ཀྱི་མ་དཔེ་དང་འགྲེལ་གང་ཡོད་ངོ་སྤྲོད་དང་བསྒྲགས། ལམ་རིམ་འདི་ཉིད་བོད་ཀྱི་ལམ་རིམ་ཁྲོད་ཀྱི་སྔ་ཤས་གྲས་སུ་ཚུལ་ཡོད་སྟབས། འགྱུར་དེབ་འདི་ལ་མཚོན་ནའང་དོན་བསྒྱུར་ཙམ་མ་ཡིན་པར། རྒྱལ་སྤྱིའི་དཔྱད་དེབ་ཚད་ལྡན་ཅན་དག་དང་འདྲ་བར་མཆན་དང་མཚུངས་བསྡུར་རྣམ་པ་སྤྱད་ནས་བསྒྱུར་ཡོད་པ་བཅས་ཀྱི་སྐོར་ནས་གཏམ་བཤད་གནངས་པ་དང་།

ལོ་ཙཱ་བ་རྔ་བ་ཀུན་བཟང་སྒྲོལ་མ་ལགས་ནས་ལོ་ངོ་བཅུ་གཅིག་གི་སྔོན་དེབ་འདི་ཉིད་བསྒྱུར་བྱར་བཟུང་དགོས་པའི་ཐོག་མའི་ཀུན་སློང་དང་བསྒྲགས། སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་རྣམས་དང་དགེ་རྒན་དྲིན་ཆེན་དག་གི་བཀའ་དྲིན་རྗེས་དྲན་ཞུ་ཆེད་དང་། ཁོ་མོས་བསམ་པར་བོན་གྱི་ལམ་རིམ་འདི་ཉིད་བོན་གྱི་སེམས་ཁམས་རིག་པའི་གཞུང་ལུགས་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་ཉམས་ཞིབ་གནང་བ་ཡིན་ཞིང་། དང་པོ་གཞུང་འདིའི་རྩ་བ་དང་འགྲེལ་བ་བཅས་མ་དཔེ་མི་འདྲ་ཁག་ཞིབ་བསྡུར་དང་། མཚུངས་བསྡུར། མཆན་ཚིག  དེི་མིན་ཞང་སྐད་དག་སོར་བཞག་གིས་ཞབས་མཆན་བཀོད་པ་སོགས་ཀྱིས་བསྒྱུར་ཡོད། དེ་ཡང་སྒྱུར་བའི་དམིགས་ཡུལ་ཡང་། དབྱིན་ཡིག་གི་ལམ་ནས་བོན་གྱི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་སོགས་གཞུང་ལུགས་ལ་དོན་གཉེར་ཅན་དག་ལ་བསླབ་བདེ་ཆེད་དུ་ཡིན་ཞིང་།  དེ་ཡང་བོན་གྱི་གཞུང་ལུགས་དག་ནི་བོད་སྐད་ཡིག་མ་གཏོགས་མིག་སྔར་སྐད་ཡིག་གཞན་གྱི་སྟེང་དུ་ཡོད་པ་ཤིན་ཏུ་དཀོན་པོ་ཆགས་ཡོད་སྟབས། དེ་འདྲའི་སྟོང་ཆ་ཅུང་ཟད་རེ་སྐོང་ཐུབ་ན་བསམ་པས་ཀུན་སློང་གིས་བསྒྱུར་བ་ཡིན་པ་སོགས་ཀྱི་སྐོར་ནས་གཏམ་བཤད་གནངས།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ནས་མེ་སྟོན་ཆེན་པོའི་གསུང་རྩོམ་དག་ལས་ལམ་རིམ་འདི་ནི་ལྟ་སྤྱོད་ཟུང་འབྲེལ་དུ་བསྟན་པའི་གཞུང་ཞིག་ཡིན་པ་དང་། དེ་ཡང་གཞུང་འདི་ཉིད་ཀྱི་གལ་ཆེ་རང་བཞིན་དང་། བསྒྱུར་བ་པོ་འདི་ཉིད་ཀྱིས་ལོ་ངོ་དུ་མའི་དཀའ་ཚེགས་དང་འབད་འབུངས་དུ་མ་ལ་བརྟེན་ནས་གྲུབ་པ་ཡིན་པས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་བསྟན་པ་སྔར་དར་རིང་ནས་མཁས་པ་མི་བཞི་གཙོས་པའི་ལོ་ཙཱ་བ་བཀའ་དྲིན་ཅན་དག་གིས་ཞང་སྐད་ནས་བོད་ཡིག་བསྒྱུར་ཏུ་ནས་བོད་ཡིག་གི་བཀའ་དང་བཀའ་བརྟེན་བསམ་གྱིས་མི་ཁྱབ་པ་ཡོད་ལ། ད་ནི་གཞུང་ལུགས་དེ་དག་སྐད་ཡིག་གཞན་གྱི་སྟེང་དུ་བསྒྱུར་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དེང་གི་དུས་འདིར་བོད་ཕྱི་ནང་གཉིས་སུ་སྟོན་པ་གཤེན་རབ་ཉིད་ཀྱིས་གསུངས་པའི་བཀའ་དྲི་མ་མེད་པ་འདི་ཉིད་གཞན་གྱི་སྐད་ཡིག་སྟེང་དུ་བསྒྱུར་འགོ་བཙུགས་ཡོད་པ་དང་། གསང་སྔགས་རིགས་མ་གཏོགས་པའི་གཞུང་ལུགས་རྣམས་གཞན་གྱི་སྐད་ཡིག་ཏུ་བསྒྱུར་བ་ནམ་རྒྱུན་གལ་ཆེན་དུ་མཐོང་གི་ཡོད་ལ།

དེ་ཡང་སངས་རྒྱས་ཀྱི་བཀའ་དེ་དག་སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ནར་གསུངས་པ་ཡིན་པས། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ་དག་གིས་ཀྱང་རང་གི་ཕ་སྐད་ཀྱི་སྒང་ནས་བསྟན་པ་འདི་ལ་ཉམས་ལེན་བྱེད་ཐུབ་པ་ཡིན་ན་དེ་ལས་ལྷག་པའི་དགེ་བ་མེད་པའི་སྐོར་ནས་གསུང་བཤད་ཟབ་རྒྱས་གནངས་རྗེས། དགེ་བཤེས་ཁྲི་བདེ་མཆོག་ལགས་ནས་ཐུགས་རྗེ་ལེགས་གསོལ་གྱི་གཏམ་བཤད་གྲུབ་ནས་ཚོགས་མང་མཉམ་པར་བསྒྲོན་ནས་མཛད་སྒོ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།