གཡུང་དྲུང་བོན་གྱི་དྲྭ་རྒྱ།

Leiden University འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ནས་ནུབ་ཕྱོགས་པའི་ཞིབ་འཇུག་གི་ཐབས་ལམ་སྐོར་ནས་གསུང་བཤད་གནངས་པ།

དེ་ཡང་ཁ་སང་སྟེ་ཕྱི་ལོ་༢༠༢༢ལོའི་ཟླ་༨པའི་ཚེས་ཉེར་བཞི་དང་། བོད་ཆུ་སྟག་ལོའི་བོད་ཟླ་༦ཚེས་༢༧ཉིན། ༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གིས་འཆར་ཅན་ལྟར།

ཉེ་བའི་ལོ་ཤས་རིང་ནས་རྒྱལ་ཕྱི་ནང་གི་མཁས་དབང་དུ་མ་གདན་ཞུས་ཀྱིས་གཏམ་བཤད་གོ་སྒྲིག་གནང་མུས་བཞིན། ད་ལན་ཡང་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ལ་གཏམ་བཤད་ཅིག་གནང་དགོས་ཀྱི་རེ་འདུན་བཞིན་ངོས་བཞེས་གནངས་པ་དང་། ཉིན་རྒྱབ་བོན་གཞིས་སམ་བྷོ་ཊའི་ཉིན་སློབ་ཀྱི་གདན་ཞུས་འོག་འདི་གའི་སློབ་གྲྭའི་དགེ་རྒན་དང་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་ཀྱི་སློབ་ཕྲུག་ཚོར་<རང་གི་ཉམས་མྱོང་ཚོར་དང་འབྲེལ་བའི་མི་ཚེ་མདུན་ལམ།>ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བ་དང་།

ཕྱི་དྲོ་ཆུ་ཚོད་༥པའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་དགོངས་པ་གཞིར་བཟུང་འོག  རིན་པོ་ཆེ་དབུ་བཞུགས་ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་དང་དགེ་བཤེས་ཡོངས་ལ་“ནུབ་ཕྱོགས་པའི་ཞིབ་འཇུག་གི་ཐབས་ལམ་” སྐོར་ནས་གསུང་བཤད་གནངས་ཡོད་པ་རེད། དེ་ཡང་ནུབ་ཕྱོགས་པའི་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ཐབས་དང་། དཔྱད་རྩོམ་འབྲི་བའི་ཐབས་ལམ་ཁྲོད། སྲོལ་རྒྱུན་འབྲི་ཐབས་དང་དེང་གི་དཔྱད་རྩོམ་འབྲི་ཐབས་ཀྱི་ཁྱད་པར། དེ་བཞིན་ནུབ་ཕྱོགས་པའི་ཡིག་ཚགས་གང་ཞིག་དུས་རབས་གཏན་འབེབས་ཀྱིས་ཁུངས་སྐྱེལ་བྱེད་སྟངས། རྐང་ཚུགས་པའི་བརྗོད་བྱ་འདེམ་སྒྲིག་གིས་དོགས་ལན་འཚོལ་སྟངས།

དཔྱད་རྩོམ་འབྲི་བའི་བརྒྱུད་རིམ་ཁྲོད་ལས་རིགས་གཅིག་པར་བསམ་ཚུལ་འགོད་ཐབས་སྤྱད་ནས། དཔྱད་རྩོམ་དེའི་སྟོང་ཆ་གང་ཡོད་བསྐངས་ནས་ཚད་ལྡན་ཅན་དུ་གཏོང་ཐབས། དེ་མིན་རང་གི་དཔྱད་དོན་གྱི་ལྟ་བ་མཁྲེགས་འཛིན་མི་བྱེད་པར་ཡག་སྡུག་གང་གི་ཕྱོགས་སུའང་འགྲོ་ཆོག་ཆོག་ཡོད་པ་ཞིག་ཡིན་ཚེ་ད་གཟོད་དཔྱད་རྩོམ་ཚད་ལྡན་ཅན་དུ་ངེས་འཛིན་ཆོག་པ་སོགས་མཛུབ་སྟོན་དགེ་རྒན་རྣམ་པའི་གདམས་ངག་དང་འབྲེལ་ནས་གཏམ་བཤད་གནད་སྨིན་དུ་གནངས་ཡོད་པ་བཅས་ཀྱི་གནས་བསྡུས་སུ།