གཡུང་དྲུང་བོན་གྱི་དྲྭ་རྒྱ།

རྒྱལ་བ་གཤེན་རབ་མི་བོའི་བཀའ་དེབ་གཟུགས་པོད་༡༠༨ཀྱི་བདག་ཉིད་ཅན་སྨན་རིའི་དཔེ་མཛོད་དུ་ཁང་དུ་འབྱོར་བ།

དེ་ཡང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱིས་གསུངས་པའི་རྒྱལ་བའི་བཀའ་རིན་པོ་ཆེ་དུས་རབས་དང་ལོ་རབས་དུ་མར་གོད་ཆག་རིམ་པར་བྱུང་བ་ནའང་། བསྟན་པའི་བདག་པོ་དུ་མས་གཅེས་པའི་སྲོག་བཏངས། དཀོན་པའི་རྒྱུས་འགྲོ་གྲོན་མང་དུ་བཏངས་ནས། བོད་རང་གི་ངོ་བོ་མཚོན་པའི་གསུང་རབས་གླེགས་བམ་དུ་མ་སྲུང་སྐྱོང་དང་ཉར་ཚགས་བྱས་ནས།

དཔེ་གཟུགས་གླེགས་བམ་༡༧༨ཅན་དུ་དཔར་སྐྲུན་གྲུབ་ཅིང་། དེ་ཡང་སྡེ་ཚན་བཞིར་དབྱེ་བགོས་ཀྱིས་མདོ་སྡེ་ལ་པོད༧༤དང་། འབུམ་སྡེ་ལ་པོད༧༠། རྒྱུད་སྡེའམ་སྔགས་སྡེ་ལ་པོད༢༦། མཛོད་དམ་སེམས་སྡེ་ལ་པོད༩བཅས་པོད་བསྡོམས༡༧༨ཡོད་པ་དང་། དེ་ཡང་རྒྱ་ཆེའི་ཞིབ་འཇུག་པ་དང་། ཀློག་པ་པོ་དག་ལ་ཀློག་བདེ་ཆེད་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ནས་མ་ཕྱི་གཏན་འབེབས་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་མཛད། དེ་ཡང་ཆེད་མཁས་པ་མང་པོས་ལོ་ལྔའི་རིང་ ཕྱར་གྲུ་མཉམ་འདེགས་དང་།

གཅིག་ཕན་གཅིག་གྲོགས་ལ་བརྟེན་ནས་དེབ་གཟུགས་པོད་༡༠༨ཅན་དུ་པར་སྐྲུན་གྲུབ་ནས། སྨན་རིའི་དགེ་བཤེས་སྨན་སྤྲུལ་བློ་གྲོས་ཉི་མ་དབང་རྒྱལ་ལགས་ནས་དེབ་གཟུགས་ཅན་འདི་མཐུན་འགྱུར་རོགས་མགོན་ཆ་ཚང་གནང་བར་བརྟེན། ཁ་སང་སྟེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་དུ་གདན་ཞུ་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

པར་མཐུན་འགྱུར་གནང་མཁན། གཡུང་དྲུང་བོན་གྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ཁྲི་གཡུང་དྲུང་།

པར་གྱི་ཡོངས་ཁུངས། ཧི་བོན་དྲྭ་ཚིགས།

སྨན་རིའི་དགེ་བཤེས་སྨན་སྤྲུལ་བློ་གྲོས་ཉི་མ་དབང་རྒྱལ་མཆོག

༄༅།། སྨན་སྤྲུལ་བློ་གྲོས་ཉི་མ་དབང་རྒྱལ་མཆོག་གི་མཛད་རྣམ་ཉུང་བསྡུས།

༈ སྨན་སྤྲུལ་བློ་གྲོས་ཉི་མ་དབང་རྒྱལ་མཆོག་ནི། ༡༩༧༠ལོར་ཁམས་སྡེ་དགེ་ལྷོ་ཁོག་ལྷ་བ་ཚང་ཞེས་པར། ཡབ་གཡུང་དྲུང་མཐར་ཕྱིན་དང་། ཡུམ་ཕུར་གཡང་གཉིས་ཀྱི་སྲས་སུ། སྒོང་གཟུགས་གྲོད་པས་སྟུམ་པ་གཅིག་སྐྱེས། དེར་ཡ་མཚན་ནས་ཞིབ་ཏུ་ལྟ་བའི་ཚེ་ན། ནང་དུ་འགུལ་སྐྱོད་ཡོད་པས་ཁ་དབྲལ་བའི་ཚེ་ན་བུ་གཅིག་བྱུང་།  ཡབ་ཀྱིས་རྨང་གཞི་ཡི་གེ་འབྲི་ཀློག་སོགས་བསླབས་པ་དང་། ༡༩༨༢ལོར་གྲུབ་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས། སྔོན་འགྲོ། དངོས་གཞི། རྩ་རླུང་བཅས་སྦྱོང་།  སོ་ཐར་གྱི་སྡོམ་པ་བཞེས། ༡༩༨༤ལོར་ཤར་རྫ་རི་ཁྲོད་དུ་སླར་ཡང་གྲུབ་ཆེན་ཉི་མ་རིན་པོ་ཆེ་གཙོའི་བླ་སྤྲུལ་མང་པོའི་སྐུ་མདུན་ནས་བཀའ་གསར་རྙིང་གི་དབང་ལུང་ཁྲིད་གསུམ་མང་པོ་ཞིག་དང་ཁྱད་པར་དུ་བླ་མེད་རྫོགས་པ་ཆེན་པོའི་དབང་བཞི་སོགས་མནོས། ༡༩༨༧ལོ་ཟླ་༤ཚེས་༡༠ཉིན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ཕྱག་བྲིས་བརྟག་ཡིག་འབྱོར་དོན་དུ་སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་གྱི་སྤྲུལ་སྐུ་ཡིན་པའི་བཀའ་ལུང་ཕེབས་པར་བརྟེན། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྐྱོད་དེ་སྨན་རིའི་མཁན་སློབ་རྣམ་གཉིས་དབུས་པའི་འདུས་པ་རྒྱ་མཚོའི་སྡེ་རུ་གཙང་གཙུག་དང་དྲང་སྲོང་གི་སྡོམ་རྒྱུན་རིམ་བཞིན་ཞུས་པས། ཚུལ་མིང་ལ་བློ་གྲོས་ཉི་མ་དབང་རྒྱལ་ཞེས་གསོལ། དེ་ནས་༧ མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་སྐུ་མདུན་ནས།  གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་དང་རིག་གནས་ལོ་རྒྱུས། ལྷག་ཏུ་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་དང་དངོས་གཞི་རྩ་རླུང་དང་བཅས་པ་ཆ་ཚང་ལོ་ངོ་བཅུ་བཞི་ལྷག་རིང་སློབ་གཉེར་མཐར་སོན་པར་བྱས། ༢༠༠༠ ལོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་དང་བླ་མ་ཁྲི་པའི་ཁྲི་བཞེངས་མངའ་གསོལ་བྱས། དེ་ནས་ཁྲི་བརྟན་ནོར་རྩེ་རུ་ཟླ་བ་བརྒྱད་རིང་ལ། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་སྔགས་རྫོགས་ཀྱི་གདམས་ཁྲིད་བསྐྱར་དུ་གསན་ཞོར། རིན་པོ་ཆེའི་བཀའ་དགོངས་ལྟར་དེ་གའི་འདུས་པ་རྒྱ་མཚོའི་སྡེ་ལ་གཤེན་གྱི་གར་འཆམས་དང་། རོལ་མོ་དཀྲོལ་སྟངས་སོགས་སློབ་ཁྲིད་གནང་། དེ་ནས་རང་དགོན་བླ་ཁྲི་དགོན་དུ་ཕྱིར་ཕེབ་པ་དང་བླ་ཁྲི་རྒྱལ་བ་གཡུང་དྲུང་འདས་ལོག་ཕེབས་སའི་རི་ཁྲོད་ལ་བླ་གྲྭ་ཁག་གཅིག་དང་ལྷན་དུ་རྩ་རླུང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་ཞལ་གསུང་དྲི་མ་མེད་པ་གདམས་པའི་ཁྲིད་རྒྱུན་ཇི་མ་ཇི་བཞིན་དུ་རྩ་རླུང་གི་ཁྲིད་རྒྱུན་ཉུང་བསྡུས་ཅེས་པ་བརྩམ་གནང་ལྟར་དུ་རང་གིས་སྦྱངས་དང་གཞན་ལ་སྤེལ་གནང་མཛད། གཞན་ཡང་མཚོ་སྔོན་ཁྱུང་མོ་དགོན་གྱི་འདུས་སྡེ་རྣམས་ལ་གྲྭ་སའི་ལུགས་ལྟར་གྱི་སྒྲུབ་གྲྭའི་འཆད་ཁྲིད་དང་གོང་གསལ་རྩ་རླུང་ཁྲིད། བླ་ཁྲི་གཡུ་རིའི་བཤད་སྒྲུབ་འདུས་སྡེ་དང་བླ་ཁྲི་དགོན་པའི་རྟེན་དང་བརྟེན་པ་བསྐྱར་བཞེངས་གནང་དང་གནང་མུས་ཡིན་ལ།   ད་ལྟའི་དུས་སུ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་བཀའ་དགོངས་ལྟར་དགོན་སྡེ་ཁག་གཅིག་ལ་བཤད་སྒྲུབ་བསྟན་པའི་རྒྱབ་སྐྱོར་བྱེད་བཞིན་པ་དང་། དད་ལྡན་མི་དམངས་ལའང་སྔོན་འགྲོ་དང་དངོས་གཞིའི་གདམས་ཁྲིད་གནང་མུས་མཆིས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཆར་བཀོད་བཀའ་འགྱུར་དཔེ་སྡུར་ལས། མདོ་བཞིའི་ཡ་གྱལ་སྣོད་རྟེན་ཆགས་འཇིག་མདོ་ཡི་སྒྲིག་ཞུའི་འགན་ཁུར་བ་བཅས་བསྟན་དོན་ལ་འབད་བརྩོན་གནང་བཞིན་པར་བརྟེན། ཡོངས་འཛིན་སྨྲ་བའི་སེང་གེ་ཡང་ཐུགས་དགྱེ་བརྩེ་དང་བཅས་ནས་ཞབས་བརྟེན་སྨོན་ལམ་དུ་གནང་བ་ནི།

༈ བློ་གྲོས་ཉི་མ་རིན་པོ་ཆེའི་ཞབས་བརྟན་སྨོན་ལམ།  

ཨེ་མ་ཧོ། རྒྱལ་བསྟན་སྣང་བའི་མཛོད་ཆེན་རྟ་བདུན་པ།།  

སྐལ་ལྡན་ཐར་བདེའི་ལམ་བཟང་གསལ་བའི་རྒྱན།།  

རིག་པའི་འདབ་བརྒྱ་བཞད་པའི་དཔལ་ཆེན་པོ།།  

བློ་གྲོས་ཉི་མའི་འོད་སྟོང་འབར་གྱུར་ཅིག།

ཅེས་གོང་དེས་བསྟན་འགྲོའི་དོན་ལ་བརྩོན་པར་ཐོས་པས་སྤྲོ་བ་དང་། གཞན་གྱིས་བསྐུལ་བ་ལྟར་བདེན་སྨོན་སུ་སྨན་རི་བ་བསྟན་འཛིན་རྣམ་དག་གིས་ཕུལ།

༧ སྤྲུལ་སྐུ་མཆོག་ཉིད་ལ་བཀའ་འདྲི་ཞུས་པ་ལྟར་དུ་སྨན་རིའི་དགེ་མིང་པ་བསོད་ནམས་ཚུལ་ཁྲིམས་ཀྱིས་ཡི་གེར་བཀོད། ཐ་ཚན་མུ་ཙུག་སྨྲར།