གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཉེ་ཆར་ཧི་མ་ལའི་རི་རྒྱུད་དོལ་པོའི་ཕྱོགས་སུ་བོན་གྱི་དགོན་སྡེ་དང་གནས་ཆེན་ཁག་ཏུ་བསྟན་འགྲོའི་མཛད་འཕྲིན་བསྐྱངས་པའི་གནས་ཚུལ།

སྤྱི་ལོ་༢༠༢༢ཟླ་༨ཚེས་༡༨ ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཧི་མ་ལ་ཡའི་རི་རྒྱུད་གློ་སྟོད་སྨད་ཡུལ་དུ་མཛད་འཕྲིན་རྣམས་ལེགས་པར་་གྲུབ་རྗེས། འཁྲུངས་གཞིས་དོལ་པོ་ཚྭ་དགའ་ནས་ཕེབས་བསུ་བ་བླ་མ་ཡང་སྟོན་རྒྱལ་མཚན་དང་ཚྭ་དགའ་གྲོང་སྡེ་ལྷན་ཚོགས་གྱི་ཚོགས་གཞོན་ཟླ་བ་ལྷ་དབང་གཙོས་མི་གྲངས་དགུའི་ཆིབས་རྟ་དང་བཅས་གློ་སྨད་གསང་རྟག་ནས་ཚྭ་དགའི་ཡུལ་ཕྱོགས་སུ་ཆིབས་བསྒྱུར་གནང་། ཉིན་གཉིས་དང་མཚན་གསུམ་བཅས་ལམ་བར་འགྲུལ་བཞུད་གནང་རྗེས།

སྤྱི་ཚེས་༢༡ ཉིན་འཁྲུངས་གཞིས་དོལ་པོ་སྟོད་ཚྭ་དགའ་རུ་བདེ་བར་འབྱོར། དེར་ཚྭ་དགའི་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་གི་བླ་མ་ཡང་སྟོན་རིན་ཆེན་རྒྱལ་མཚན་དང་། རྙིང་མ་ས་ཆེན་དགོན་གྱི་བླ་མ་རྡོ་རྗེ་རྣམ་གཉིས་གཙོས་བོན་ཆོས་གཉིས་ཀྱི་བླ་གྲྭ་སྔགས་བཙུན་དང། དེ་བཞིན་ཚྭ་དགའི་མི་མང་ཡོངས་ནས་སེར་འཕྲེང་ལེགས་བསྟར་གྱིས་ཕེབས་བསུ་གཟབ་རྒྱས་ཞུས། ཡང་དགོན་མཐོང་གྲོལ་དགོན་དུ་བླ་མ་རིན་ཆེན་རྒྱལ་མཚན་མཆོག་ནས་མ་འདལ་སྐུ་གསུང་ཐུགས་རྟེན་སོགས་ཕུལ། རིན་པོ་ཆེ་མཆོག་ནས་ཀྱང་དེར་འཛོམས་བན་བོན་གྱི་བླ་གྲྭ་སྔགས་བཙུན་དང་ཇོ་མོ་བཅས་ཡོངས་ལ་འགྱེད་མང་ཇ་བཅས་ཕུལ་གནང་མཛད།

སྤྱི་ཚེས་༢༣ ཉིན། ཚྭ་དགའ་རུ་ཡོད་པའི་ས་ཆེན་རྙིང་དགོན་བླ་མ་རྡོ་རྗེ་མཆོག་གིས་གདན་ཞུས་ལྟར་དེར་ཆེད་ཕེབས་གནང་ནས་ས་ཆེན་དགོན་གྱི་ལྷ་སྡེ་མི་སྡེ་རྣམས་ནས་སེར་འཕྲེང་གིས་ཕེབས་བསུ་དང་མ་འདལ་སྐུ་གསུང་ཐུགས་རྟེན་སོགས་ཕུལ། རིན་པོ་ཆེ་མཆོག་ནས་ཀྱང་མང་ཚོགས་ལ་འགྱེད་མང་ཇ་དང་བོན་ཆོས་སྔགས་བཙུན་མི་མང་ཡོངས་ལ་སྔར་ལྟར་མཐུན་འབྲེལ་དམ་ཟབ་ངང་གནས་པ་ལ་སྔགས་བརྗོད་ཡི་རང་དང་མ་འོངས་པར་ཡང་ཆོས་ལུགས་དང་ཁྱིམ་ཚང་བར་ལ་མཐུན་འབྲེལ་དམ་གཙང་གནས་དགོས་པའི་བཀའ་སློབ་ཟབ་རྒྱས་བཀའ་དྲིན་བསྩལ།

རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་ཚྭ་དགའ་རུ་ཉིན་བརྒྱད་རིང་བཞུགས། དེའི་རིང་ལ་རིན་པོ་ཆེ་མཆོག་ནས་ཚྭ་དགའ་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་གི་བླ་གྲྭ་སྔགས་བཙུན་རྣམས་ལ། མཁའ་འགྲོ་གསང་གཅོད་དང་མ་ཏྲི་རིན་ཆེན་སྒྲོན་མ་བཅས་ཀྱི་ལྗགས་ལུང་ཆ་ཚང་ཕུལ་གནང་མཛད། གཞན་ཡང་སྔར་རིན་པོ་ཆེ་སྐུ་ན་ཆུང་དུས་སུ་ལོ་གསུམ་ཟླ་གསུམ་གྱི་སྐུ་མཚམས་བཞུགས་གནས་བོན་དགོན་སྟར་རྫོང་ཕུན་ཚོགས་གླིང་ཞིག་ཤུལ་དུ་སྟོན་འཁོར་བཅས་གནས་མཇལ་དང་གསང་གསོལ་དར་ཅོག་སོགས་སྒྲོན་གནང་མཛད། གཞན་ཡང་སྤྱི་ལོ་༢༠༡༢ ལོར་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པའི་ཚྭ་དགའ་འཕྲོད་བསྟེན་སྨན་ཁང་དུ་གཟིགས་རྟོག་དང་སྨན་ཞབས་གཙོས་ལས་བྱེད་ཡོངས་ལ་བཀའ་སློབ་བསྩལ། ཡུལ་མིས་ཁང་ཁྱིམ་གསར་པ་བཞེངས་པ་ཁག་དང་སྡོད་ཁང་གསར་པ་བཞེངས་འཆར་གྱི་ས་ཆ་ཁག་བཅས་ལ་རབ་གནས་བྱིན་རླབས་དང་ས་གཞིར་བྱིན་རླབས་བཅས་མཛད་གནང་།

སྤྱི་ཚེས་༢༨ ཉིན། ༧སྨན་རིའི་དགེ་བཤེས་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པའི་ཚྭ་དགའ་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་དུ། རིན་པོ་ཆེ་མཆོག་ནས་བོན་ཆོས་བླ་གྲྭ་སྔགས་བཙུན་མི་མང་ཡོངས་ལ་དུ་ཏྲི་སུའི་བཀའ་དབང་ཟབ་མོ་བསྐུར་གནང་མཛད། ཚྭ་དགའ་སློབ་གྲྭའི་སློབ་ཕྲུག་ཚོས་རིག་གཞུང་འཁྲབ་སྟོན་སྤྱན་འབུལ་ཞུས།

རིན་པོ་ཆེ་མཆོག་ནས་ཀྱང་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་དང་སློབ་གྲྭའི་སློབ་ཕྲུག་ཡོངས་ལ་སྟོད་གོས་དྲོད་མོ་རེར་དང་སློབ་གྲྭར་ཞལ་འདེབས་མི་ཉུང་བ་བྱིན་རླབས་གསོལ་བསྩལ་བཀའ་དྲིན་བསྐྱངས། མ་ཟད་བོན་ཆོས་གཉིས་ཀྱི་དགོན་པ་གཉིས་ལ་ཞལ་འདེབས་ཀྱང་མི་ཉུང་བར་ཕུལ་གནང་མཛད་པའོ།

སྤྱི་ཚེས་ ༢༩ ཉིན། འཁྲུངས་གཞིས་དོལ་པོ་ཚྭ་དགའི་ཡུལ་དགོན་གྱི་འགྲོ་དོན་རྣམས་གྲུབ་རྗེས། དོལ་པོ་སྟོད་མདོ་རྟ་རབ་ནས་གདན་ཞུས་ལྟར་བསུ་མི་དང་་ཆིབས་རྟ་བཅས་དོལ་པོ་མདོ་རྟ་རབ་ཕྱོགས་སུ་ཆིབས་བསྒྱུར་གནང་།

སྤྱི་ཚེས་༣༠ ཉིན། མི་ལོ་ཉི་ཤུ་ལྷག་རྗེས་རིན་པོ་ཆེ་མཆོག་མདོ་རྟ་རབ་ཡུལ་དུ་ཕེབས་གནང་མཛད་པ་ཡིན་འདུག་ལ། དེར་རྟ་རབ་སྲིབ་ཕྱོགས་ཡང་སྟོན་བླ་མ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དགེ་བཤེས་ཡོན་ཏན་དཔལ་བཟང་མཆོག་དང་། རྡོ་རོ་ཉི་མ་ཕུག་པ་རྙིང་དགོན་བླ་མ་པད་མ་ངག་དབང་མཆོག་དང་། རི་འབུམ་པ་རྙིང་དགོན་བླ་མ་ཨེམ་ཆི་རྣམ་རྒྱལ་མཆོག་དང་། དེ་བཞིན་སྟག་རྒྱུའི་བླ་མ་དང་། གཞན་ཡང་ཡུལ་མིའི་མགོ་དཔོན་མཁར་སྨད་བསྟན་པ་གཙོས་སེར་སྐྱ་མི་མང་སློབ་ཕྲུག་ཡོངས་ནས་གདུགས་དང་རྒྱལ་མཚན་འཕན་དར་དང་ལྷ་དར་དཀར་པོ་སོགས་ཀྱིས་མདུན་བསུས་ཏེ་བོན་ཆོས་གཉིས་ཀྱི་སྔགས་བཙུན་ཐུན་མོང་ནས་སེར་འཕྲེང་གི་ཕེབས་བསུ་གཟབ་རྒྱས་དང་མ་འདལ་སྐུ་གསུང་ཐུགས་རྟེན་སོགས་རྒྱས་འབུལ་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་འགྱེད་མང་ཇ་བཅས་ཕུལ་གནང་མཛད།

སྤྱི་ཟླ་༨ཚེས་ ༣༡ ཉིན། རྟ་རབ་སྲིབ་ཕྱོགས་ཡུལ་གྱི་ཚོགས་གུར་ཆེན་མོའི་ནང་དུ། སྲིབ་ཕྱོགས་ཡང་དགོན་བདེ་ལྡན་ཕུན་ཚོགས་གླིང་གི་བླ་བྲང་དང་། རྟ་རབ་སི་ཏི་དུང་སྒྲུབ་ཚོགས་པ་དང་། རྟ་རབ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་པ་བཅས་ཀྱིས་བཀོད་སྒྲིག་འོག ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཉེ་འཁོར་ཡུལ་ཁག་ལྔ་ཙམ་ནས་འཛོམས་པའི་མི་མང་ཉིས་སྟོང་ལྷག་ཙམ་ལ་ཚེ་སྒྲུབ་ཀྱི་བཀའ་དབང་དང་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད། གཞན་ཡང་ན་ནིང་རྒྱ་གར་བྱང་ཕྱོགས་༧གཙུན་དགོན་རཏྣ་སྨན་གླིང་ནས་དགེ་བཤེས་མའི་མཚན་རྟགས་ཐོག་མར་ཕྱག་འཁྱེར་བཞེས་གནང་བའི་དོལ་པོའི་དགེ་བཤེས་མ་ཐོག་མ་གཡུང་དྲུང་ཚུལ་ཁྲིམས་བཟང་མོ་མཆོག་རིན་པོ་ཆེ་མཆོག་ནས་མང་ཚོགས་རྣམས་ལ་དམིགས་གསལ་ངོ་སྤྲོད་དང་རྟེན་འབྲེལ་མཚོན་བྱེད་ཕུལ་བ་དང་མང་ཚོགས་ནས་ཀྱང་བཀྲ་ཤིས་རྟེན་འབྲེལ་གྱི་མཇལ་དར་ཕུལ་གནང་མཛད།

ཉིན་རྒྱབ་རྟ་རབ་སློབ་གྲྭའི་སློབ་ཕྲུག་ནས་རིག་གཞུང་འཁྲབ་སྟོན་སྤྱན་འབུལ་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་སློབ་ཕྲུག་རྣམས་ལ་མི་ཚེའི་མདུན་ལམ་དང་འབྲེལ་བའི་བཀའ་སློབ་བསྩལ་གནང་། དེའི་རྗེས་མི་མང་ཡོངས་ལ་བཀྲ་ཤིས་པའི་རྟེན་འབྲེལ་ངང་ནས་སང་ཉིན་ནམ་མ་ལངས་བར་དོལ་པོའི་རིག་གཞུང་གི་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ངག་གི་དབྱངས་ཚིག་དང་བཅས་ཞབས་བྲོ་འཁྲབ་གནང་མཛད།

སྤྱི་ཟླ་༩ ཚེས་ ༠༡ ཉིན། རྟ་རབ་མདོ་རུ་ཡོད་པའི་རི་འབུམ་པ་རྙིང་དགོན་གྱི་བླ་མ་ཨེམ་ཆི་རྣམ་རྒྱལ་མཆོག་གིས་གདན་ཞུས་ལྟར་རིན་པོ་ཆེ་མཆོག་དགོན་དེར་ཆེད་ཕེབས་གནང་སྟེ་ཕེབས་བསུ་གཟབ་རྒྱས་དང་མ་འདལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་ཞུས། གཞན་ཡང་ཡུལ་དེར་བོན་ཆོས་དབྱེར་མེད་ཀྱི་ཁང་གསར་རྣམས་ལ་རབ་གནས་སོགས་མཛད་གནང་།

སྤྱི་ཚེས་ ༠༢ ཉིན། རྡོ་རོ་ཉི་མ་ཕུག་པ་རྙིང་དགོན་བླ་མ་པད་མ་ངག་དབང་མཆོག་ནས་གདན་ཞུས་ལྟར་དགོན་དེར་ཆེད་ཕེབས་ཀྱི་ཕེབས་བསུ་སེར་འཕྲེང་དང་མ་འདལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་དགོན་པ་དང་གྲོང་ཁྱིམ་ཕལ་ཆེར་ལ་བྱིན་རླབས་རབ་གནས་སོགས་མཛད་གནང་།

ཉིན་རྒྱབ་༧ཡང་དགོན་བདེ་ལྡན་ཕུན་ཚོགས་གླིང་དུ་རིན་པོ་ཆེ་དབུ་བཞུགས་ཐོག་བླ་གྲྭ་མཉམ་འཛོམས་ཐོག་ནས་བཀྲ་ཤིས་སྨོན་ལམ་གསུངས་གནང་མཛད་པ་དང་། རིན་པོ་ཆེ་མཆོག་ནས་ཀྱང་མ་འོངས་པར་དགོན་པ་གསར་བཞེངས་ཀྱི་ཆེད་ཞལ་འདེབས་གང་ཐུབ་བྱིན་རླབས་གསོལ་བསྩལ་བཀའ་དྲིན་བསྐྱངས་གནང་མཛད།

སྤྱི་ཚེས་ ༠༣ ཉིན། རྟ་རབ་ཡུལ་དཔོན་མཁར་སྨད་བསྟན་པ་དང་སྲིབ་ཕྱོགས་བླ་མ་དགེ་བཤེས་ཡོན་ཏན་དཔལ་བཟང་མཆོག་གཙོས་མི་མང་བཅས་ནས་ཕེབས་སྐྱེལ་གཟབ་རྒྱས་ཞུས་གནང་ནས། ཆིབས་རྟ་དང་སྣུམ་འཁོར་སྦག་སྦག་བཅས་ཀྱིས་ལམ་བར་གླང་རོ་བར་ཕེབས་སྐྱེལ་ཞུས། དེ་ནས་དོལ་པོ་སྨད་བར་གླེ་ཡུལ་མི་ནས་ཆིབས་རྟ་དང་བཅས་བར་གླེ་ཡུལ་ཕྱོགས་སུ་གདན་ཞུས་མཛད་གནང་།

སྤྱི་ཚེས་ ༠༥ ཉིན་རིན་པོ་ཆེ་སྟོན་འཁོར་དང་བཅས་དོལ་པོ་སྨད་ཁེན་ཡུལ་དང་ནམ་འདལ་བརྒྱུད་ནས་བར་གླེ་ཡུལ་དུ་བདེ་བར་འབྱོར། དེར་ཕེབས་བསུ་བ་བར་གླེ་༧གཡུང་དྲུང་ཤུག་ཚལ་དགོན་གྱི་མཁན་པོ་སྨན་རིའི་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་དང་། བར་གླེ་སྤྲུལ་སྐུ་ཚེ་དབང་རིག་འཛིན་རྒྱལ་མཚན་དབུས་པའི་དོལ་པོ་སྟོད་སྨད་ཡོངས་ཀྱི་བོན་དགོན་ཁག་གི་དབུ་བླ་སྔགས་བཙུན་རྣམས་དང་༧གདན་ས་སྨན་རི་ནས་ཕེབས་པའི་བར་གླེའི་གྲྭ་བཙུན། སེར་སྐྱ་མི་མང་ཡོངས་ནས་བཀྲ་ཤིས་ལྷ་དར་དཀར་པོའི་མདུན་ནས་བསུས་༧གཡུང་དྲུང་ཤུག་ཚལ་དགོན་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་གསོལ་མཛད། མཁན་པོ་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་ནས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་རིན་པོ་ཆེ་མཆོག་ནས་ཀྱང་འགྱེད་མང་ཇ་བཅས་ཕུལ་གནང་མཛད།

སྤྱི་ལོ་༢༠༢༢ ཟླ་ ༠༩ ཚེས་ ༠༤ ནས་ ༠༩ བར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག་དོལ་པོ་སྟོད་སྨད་བར་གསུམ་ནས་ཆེད་ཕེབས་བླ་གྲྭ་སྔགས་བཙུན་མཉམ་འཛོམས་ཐོག་ཉིན་མཚན་སྟོད་སྨད་དུ་དབྱེ་ནས་དུ་ཏྲི་སུའི་སྨན་སྒྲུབ་ཀྱི་ཆོ་ག་བཅས་ལེགས་པར་སྒྲུབ་གནང་རྗེས། སྤྱི་ཚེས་ ༠༩ ཉིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དོལ་པོ་སྟོད་སྨད་བར་གསུམ་གྱི་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་༣༠༠༠ ལྷག་ཙམ་ལ་དུ་ཏྲི་སུའི་བཀའ་དབང་བསྐུར་གནང་མཛད།

སྤྱི་ཚེས་༡༠ བོད་ཟླ་ ༠༧ ཚེས་ ༡༥ ཉིན་དོལ་པོ་སྨད་ཏི་ཆུ་རོང་བར་གླེའི་ཡུལ་དུ་གནས་ཆེན་རི་བོ་དབལ་འབར་གྱི་གནས་དུས་ཉིན་བསྟུན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུ་བཞུགས་ཐོག དོལ་ཕྱོགས་ཡུལ་ཁག་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས། ཏི་ཆུ་རོང་མི་དམངས་ ༣༠༠༠ ལྷག་མཉམ་འཛོམས་ཐོག་གནས་སྐོར་ལ་ཕེབས་པ་དང་། དེར་དགེ་བཤེས་ཉི་མ་ཀུན་ཁྱབ་རིན་པོ་ཆེ་མཆོག་ནས་་གསར་དུ་བཞེངས་པའི་སྟག་ལའི་མཆོད་རྟེན་གྱི་མདུན་དུ་ཚོགས་མཆོད་རྒྱལ་འབུལ་དང་མཆོད་རྟེན་ལ་རབ་གནས་སོགས་མཛད།

སྤྱི་ཚེས་༡༡ ཉིན། སྨན་སྒྲུབ་ལེགས་གྲུབ་ཀྱི་གཏང་རག་དང་འབྲེལ་མི་མང་མཉམ་འཛོམས་ཐོག་གསོལ་ཚིགས་རྒྱས་འབུལ་དང་། དོལ་པོ་བོན་གྱི་སློབ་གཉེར་ཁང་གི་སློབ་ཕྲུག་དང་བར་གླེ་ཡུལ་གྱི་སློབ་ཕྲུག་ཚོས་རིག་གཞུང་འཁྲབ་སྟོན་སྤྱན་འབུལ་ཞུས།

སྤྱི་ཚེས་༡༢ ཉིན། ལོ་རྟགས་སྟག་ལོའི་དོལ་པོ་སྨད་ཏི་ཆུ་རོང་བར་གླེ་ཡུལ་གྱི་གནས་ཆེན་རི་བོ་དབལ་འབར་གྱི་གནས་དུས་དང་དུ་ཏྲི་སུའི་སྨན་སྒྲུབ་ལེགས་གྲུབ་ཀྱིས་བཀྲ་ཤིས་གསོལ་བ་དང་འགྱེད་མང་ཇ་སོགས་འབུལ་གནང་མཛད།

ཚེས་༡༤ ཉིན། དོལ་པོའི་རྫོང་དུང་ཉལ་དུ། སྨན་རིིའི་དགེ་བཤེས་མཁན་པོ་ཉི་མ་ཀུན་ཁྱབ་མཆོག་གིས་ཕྱག་བཏབ་པའི་དོལ་པོ་བོན་གྱི་སློབ་གཉེར་གདན་ཞུས་ལྟར་དེར་བདེ་བར་འབྱོར། དེར་སློབ་ཕྲུག་ཕོ་མོའི་གཙོས་ཏི་ཆུ་རོང་མི་མང་ནས་སེར་འཕྲེང་གི་ཕེབས་བསུ་གཟབ་རྒྱས་ཞུས།

ཚེས་༡༥ ཉིན། སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དོལ་པོའི་རྫོང་དུང་ཉལ་བོན་གྱི་སློབ་གཉེར་ཁང་དུ་སློབ་ཕྲུག་གཙོས་དོལ་པོ་སྨད་ཏི་ཆུ་རོང་མི་མང་ཚོར་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་བ་དང་། དེར་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ལ་རབ་གནས་སོགས་མཛད།

ཚེས་༡༦ ཉིན། དོལ་པོའི་རྫོང་དུང་ཉལ་གྱི་རྫོང་དཔོན་ཆེ་བ་མཆོག་དང་དེ་བཞིན་དམག་དཔོན་དང་ཉེན་རྟོག་དཔོན་རིགས་བཅས་ལ་མཇལ་འཕྲད་དང་རིན་པོ་ཆེ་མཆོག་གི་སྐུ་སྒེར་གྱི་ཕྱག་ལས་བཅས་ལེགས་པར་གྲུབ།

ཚེས་ ༡༧ ཉིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དོལ་པོའི་རྫོང་སྡེ་དུང་ཉལ་དུ་སྨན་རིའི་དགེ་བཤེས་དོལ་པོ་མཁན་པོ་སྨན་ལྷ་ཕུན་ཚོགས་མཆོག་གིས་ཕྱག་བཏབ་པའི་དོལ་པོ་ནང་པའི་ཆོས་རིག་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་གྱི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་དང་དུས་ཆེན་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་མཛད་གནང་།

ཚེས་༡༨ ཉིན་རིན་པོ་ཆེ་མཆོག་ནས་དོལ་པོ་བོན་གྱི་སློབ་གཉེར་ཁང་གི་སློབ་ཕྲུག་གཙོས་སྟོན་འཁོར་བཅས་ལ་དམིགས་གསལ་གསོལ་ཚིགས་ཕུལ་གནང་བ་དང་བཅས་འདི་ལོར་གློ་དོལ་ཕྱོགས་ཀྱི་འགྲོ་དོན་གྱི་མཛད་འཕྲིན་རྣམས་བཀྲ་ཤིས་པའི་ངང་ནས་མཇུག་ལེགས་པར་གྲུབ།

ཚེས་༡༩ ཉིན། དོལ་པོའི་རྫོང་དུང་ཉལ་ནས་ཐད་འཕུར་ནམ་གྲུར་བརྒྱུད་ནས་བལ་ཡུལ་རྒྱལ་སར་བདེ་བར་འབྱོར། དེ་ནས་༧ དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གཉེར་པ་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་དང་དགེ་བཤེས་རྣམ་དག་རྣམ་གཉིས་ནས་གདན་ཞུས་ལྟར་༧ དཔལ་ལྡན་ཁྲི་བརྟན་ནོར་རྩེར་བདེ་བར་འབྱོར། དེར་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་དགེ་བཤེས་དང་དགེ་འདུན་མང་ཚོགས་ནས་སེར་འཕྲེང་གི་ཕེབས་བསུ་དང་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་དགེ་འདུན་མང་ཚོགས་ལ་བསྙེན་བཀུར་མང་ཇ་ཕུལ་གནང་མཛད།

ཚེས་༢༥ ཉིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་སྟོན་འཁོར་བཅས་བལ་ཡུལ་རྒྱལ་གཤེན་དཔའ་བོའི་རི་ཁྲོད་དུ་ ༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་མཇལ་བཅར་ཞུས་པ་ཉིན་དེར་ཐུགས་ལྷོད་ངང་བཀའ་མོལ་ལྷུག་པོར་གནང་ནས་ཞག་གཅིག་བཞུགས།

ཚེས་༢༦ ཉིན། ཞོགས་པ་སླར་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཇལ་བཅར་ཞུས་པ་དང་རིན་པོ་ཆེའི་སྐུ་མདུན་ནས་ཨ་དཀར་ཞི་གཅོད་ཀྱི་ལུང་ཚང་བར་ཞུས་རྗེས་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ལ་༧སྟོན་པ་ཁྲི་གཙུག་རྒྱལ་བའི་སྐུ་གསེར་ཟངས་ལས་གྲུབ་པ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་སྐུ་དངོས་ཀྱིས་རབ་གནས་གཟུངས་གཞུག་གནང་བ་ཞིག་བྱིན་རླབས་གསོལ་བསྩལ་གནང་། དེ་རྗེས་རིན་པོ་ཆེ་མཆོག་ལ་ཐོན་མཇལ་ཞུས་ཤིང་ཕྱིར་༧དཔལ་ལྔན་ཁྲི་ནོར་རྩེར་ཉིན་གཉིས་བཞུགས།

ཚེས་༢༨ ཉིན། བལ་ཡུལ་དོལ་པོ་སྐྱིད་སྡུག་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་པའི་དགེ་བཤེས་བླ་གྲྭ་རྣམ་པ་དང་། གཞན་ཡང་དོལ་པོ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་བླ་མ་ཉི་མ་རིན་པོ་ཆེ་མཆོག་དང་བླ་མ་ཤཱཀྱ་རིན་པོ་ཆེ་རྣམ་གཉིས་གཙོས་པའི་དོལ་པོའི་དགེ་བཤེས་སྔགས་བཙུན་རྣམས་པས་བལ་ཡུལ་དོལ་པོ་སྐྱིད་སྡུག་ཚོགས་པའི་ཚོགས་ཁང་དུ་གངས་ལྗོངས་དོལ་པོའི་ལྗོངས་སུ་མཚན་སྙན་གྱི་གྲགས་པ་ཆེ་བའི་མཚམས་པ་༧སྐུ་ཞི་བར་གཤེགས་པ་དགེ་སློང་དམར་སྒོམ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་ཆེད། བོན་ཕྱོགས་ནས་༧མཉམ་མེད་བླ་མ་སྒྲུབ་པའི་ནང་མཆོད་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུས། རིན་པོ་ཆེ་མཆོག་ནས་ཀྱང་མང་ཚོགས་ལ་འགྱེད་མང་ཇ་སོགས་ཕུལ། གཞན་ཡང་བླ་མ་ཤཱཀྱ་རིན་པོ་ཆེ་དང་བླ་མ་ཉི་མ་རིན་པོ་ཆེ་རྣམ་གཉིས་ནས་བོན་ཆོས་དགེ་འདུན་མང་ཚོགས་ལ་བསྙེན་བཀུར་དང་དགོང་མོའི་གསོལ་ཚིགས་རྒྱས་འབུལ་ཞུས།

ཚེས་༣༠ ཉིན། བལ་ཡུལ་རྒྱལ་ས་ནས་མཁའ་ཐོག་གནམ་གྲུ་བརྒྱུད་མཚན་མོ་རྒྱ་གར་རྒྱལ་ས་རྡི་ལི་གསར་པའི་གནམ་ཐང་ཉེ་འགྲམ་གྱི་མགྲོན་ཁང་ Pullman Aerocity དུ་བཞུགས།

སྤྱི་ཟླ་༡༠ ཚེས་ ༠༡ ཉིན། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་Pullman མགྲོན་ཁང་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་པ་དང་བསྟུན་མགྲོན་ཁང་ནང་མཇལ་བཅར་ཞུས་པ་དང་བསྟན་འགྲོའི་དོན་ཆེད་བཀའ་མོལ་ལྷུག་པོར་མཛད་གནང་། དེ་རྗེས་༧ སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དང་བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་དེ་བཞིན་སྟོན་འཁོར་བཅས་ཉིན་གུང་གསོལ་ཚིགས་ལྷན་དུ་མཆོད་གནང་མཛད།

སྤྱི་ཚེས་༠༢ ཉིན། རྒྱ་གར་རྒྱལ་ས་ལྡི་ལི་རྙིང་པ་རུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་མཇལ་འཕྲད་དང་ལྷན་དུ་གསོལ་ཚིགས་མཆོད་གནང་།

སྤྱི་ཚེས་༠༤ ཉིན། རིན་པོ་ཆེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྣུམ་འཁོར་བརྒྱུད་རང་དགོན་སྨན་རི་གླིང་བདེ་བར་འབྱོར་བ་དང་། གསལ་བསྒྲགས་སྔོན་སོང་ལྟར་བོན་གཞིས་སེར་སྐྱ་མི་མང་ཡོངས་ནས་ཕེབས་བསུ་རྒྱ་ཆེན་ཞུས་ཤིང་། བླ་མ་མཆོད་ཐབས་དང་མ་འདལ་འདེགས་འབུལ་གྱི་མཛད་རིམ་དང་རིན་པོ་ཆེ་མཆོག་ནས་སྔར་སྲོལ་ལྟར་བསྙེན་བཀུར་མང་ཇ་བཏངས་ཡོད་པ་བཅས་སོ།

སྐབས་འདིའི་༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གློ་དོལ་ཕྱོགས་སུ་ཕེབས་སྐབས། སྐུ་བཅར་ཕྱག་རོགས་སུ་སྨན་རིའི་དགེ་བཤེས་བྱ་འཕུར་ཚེ་དབང་རིག་འཛིན་དང། དཔལ་ལྡན་ཁྲི་བརྟན་ནོར་རྩེའི་དགེ་བཤེས་གཙུག་ཕུད། དོལ་པོ་བསམ་གླིང་པ་གྲྭ་གཡུང་དྲུང་རྣམ་རྒྱལ། དེ་བཞིན་རིན་པོ་ཆེའི་སློབ་མ་འཇར་མེན་པ་Gerd Manusch དང་པོ་ལན་པ་Darek ཌ་རེག་དང་གུས་པ་ཟླ་བ་བསྟན་འཛིན་བཅས་ཡོད་པའོ།

མཆན། – ༧སྐྱབས་རྗེ་སྨན་རིའི་དཔོན་སློན་རིན་པོ་ཆེ་མཆོག་གི་ད་ལམ་ཧི་མ་ལའི་རི་རྒྱུད་གློ་སྟོད་སྨད་ཡུལ་དགོན་གང་དུ་ཕེབས་རུང་། དགོན་པ་དང་དགོན་བདག་བླ་མ་ཚོར་རྟེན་སྐལ་དུ་༧རྒྱལ་བ་མཉམ་མེད་ཆེན་མོའི་ཞལ་ཐང་དང་སིལ་སྙན་རེར་དང་། དགོན་པ་ཁག་ལ་འགྱེད་མང་ཇ་དང་འཛུགས་བསྐྲུན་ཆེད་ཞལ་འདེབས་མི་ཉུང་བ་ཀུན་ལ་བྱིན་རླབས་གསོལ་བསྩལ་བཀའ་དྲིན་བསྐྱངས་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ