གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧ དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་འཚོགས་པ།

སྤྱི་ལོ་༢༠༢༢ལོའི་ཟླ་༡༡པའི་སྤྱི་ཚེས་༢༨ཉིན་སྟེ་བོད་ཟླ་༡༠པའི་བོད་ཚེས་༠༥ཉིན། ༧དཔལ་གཤེན་བསྟན་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་དངོས་སུ་དབུ་ཚུགས་པ་དང་། ཐེངས་འདིའི་བགྲོ་གླེང་ནི་༧ ཞྭ་དཀར་བསྟན་པའི་གཙུག་རྒྱན་༧ སྐྱབས་རྗེ་རྒྱལ་བ་༧ སྨན་རིའི་ཁྲི་འཛིན་༣༤པ་དབུས་པའི་དཔལ་ལྡན་སྨན་རིའི་བླ་སྤྱི་དང་། སྐབས་༤༣པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས། དེ་བཞིན་སྐབས་བབ་ཀྱི་རིག་གནས་འགན་འཛིན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་བཤད་སྒྲུབ་སློབ་གཉེར་བ་ནང་ཁུལ་ནས་བགྲོ་གླེང་སྦྱང་བཤད་ཀྱི་ལམ་སྲོལ་དེ་སྔ་བདུན་ཕྲག་རེའི་ཉིན་གཉིས་པར་སྤེལ་སྲོལ་ཡོད་པ་ལ་ད་ལན་འཕེལ་རིམ་གྱི་རྣམ་པའི་ཐོག་རྒྱ་བསྐྱེད་ཅུང་ཟད་བྱས་ཏེ་དེང་དུས་ལྟར་བགྲོ་གླེང་སྐབས་འཆར་ངོས་ཡོད་པ་དང་། བརྗོད་གཞི་དང་འབྲེལ་བའི་པར་རིས་གཟིགས་འབུལ་ཐུབ་པ་སོགས་ཀྱི་ཁར། ཟླ་གཅིག་གི་ནང་དུ་མི་གསུམ་གྱིས་བགྲོ་གླེང་གི་བརྗོད་གཞི་གྲ་སྒྲིག་ཚགས་ཚུད་གནང་སྟེ་ཕྱི་དྲོའི་ཕྱག་ཚོད་༠༥ནས་༠༦དང་སྐར་མ་༣༠བར་ཚོགས་བཅར་རྣམས་ལ་སྙན་འབུལ་ཞུ་རྒྱུ་དང་། གཏམ་བཤད་པ་གཅིག་ལ་སྐར་མ་༣༠དུས་ཡུན་བདོག་ལ། དེའི་ནང་དུ་སྐར་མ་༡༥རིང་སོ་སོའི་བརྗོད་ཞུགས་སྙན་གསེང་ཞུ་རྒྱུ་དང་། ལྷག་མའི་སྐར་མ་༡༥ནང་རང་གི་བརྗོད་གཞི་དང་འབྲེལ་བའི་དྲི་བ་དྲིས་ལན་བྱ་རྒྱུ་བཅས་ཀྱི་གཏན་འབེབ་ཐག་ཆོད་མཛད་པ་ནས་བོད་ཆུ་སྟག་ལོའི་ཟླ་བ་བཅུ་བའི་ཚེས་པ་ལྔ་ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་དངོས་སུ་བསྐོངས་ཐུབ་གནང་འདུག

ཐེངས་འདིར་བཤད་སྒྲུབ་སློབ་གཉེར་བའི་བགྲོ་གླེང་ཚོགས་མགོན་དུ་གསང་གསུམ་བོན་གྱི་མཛོད་འཛིན་༧ སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དབུས་པའི་བཤད་སྒྲུབ་མཁན་རིན་པོ་ཆེ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་དང་། དགེ་བའི་བཤེས་གཉེན་གང་མང་། དེ་བཞིན་སློབ་གཉེར་བ་ཡོངས་བཅས་བཅར་གནང་མཛད་འདུག་པ་དང་། སྐབས་༤༣པའི་བཤད་སྒྲུབ་འདུས་སྡེའི་ལས་ཀྱི་སྣེ་མོ་བ་ཡོངས་དང་སྐབས་བབ་ཀྱི་རིག་གནས་འགན་འཛིན་རྣམ་གཉིས་བཅས་ཟུང་འཇུག་ཐོག་བཤད་སྡེའི་ཚོགས་ཁང་དུ་གོ་སྒྲིག་གཟབ་རྒྱས་ངང་སྤེལ་བ་བྱུང་། 

ད་རེས་རིག་གནས་འགན་འཛིན་རྣམ་གཉིས་ཀྱི་སྟངས་འཛིན་དང་གཙོ་སྐྱོང་ཐོག་གཏམ་བཤད་མཁན་བཤད་སྒྲུབ་སློབ་གཉེར་བ་ཁྱུང་ཡེ་ཤེས་རྒྱལ་བ་ནས་<<ཡིག་བརྒྱའི་འབྲུ་དོན་ལ་དཔྱད་པ་>>ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནད་དུ་འཁེལ་བ་གསུངས་གནང་བ་དང་དེ་དང་འབྲེལ་ཚོགས་བཅར་བའི་ནང་ཁུལ་ནས་བརྗོད་ཞུགས་དེ་དང་དེའི་སྐོར་གྱི་དོགས་འདྲི་གང་མང་བྱས་ཡོད་པ་བཅས་དང་། 

གཞན་ཡང་བཤད་སྒྲུབ་སློབ་གཉེར་བ་ཨུ་རི་བཤད་སྒྲུབ་རྒྱལ་མཚན་ནས་<<སྐྱེས་འཇིགས་སྡུག་བསྔལ་ཤིན་ཏུ་ཆེ་བའི་དུ་ཏིའི་ཁམས་བཅོ་བརྒྱད་ཀྱི་སྐོར་གླེང་བ་>>ཞེས་པའི་བརྗོད་གཞིའི་ཐོག་ཀུན་ལ་བློ་བསྐྱེད་པའི་གསུངས་བཤད་གྱ་ནོམ་པ་གྲ་སྒྲིག་གནང་ཡོད་པ་དང་། ཚོགས་བཅར་བའི་གསེབ་དུའང་དེ་དང་འབྲེལ་བའི་དྲི་བ་དང་དྲིས་ལན་མཛད་ཡོད་པ་བཅས་དང་།

ད་དུང་བཤད་སྒྲུབ་སློབ་གཉེར་བ་རིན་སྤུངས་གཡུང་དྲུང་གཙུག་ཕུད་ལགས་ནས་<<གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བའི་སྐོར་གླེང་བ་>>ཞེས་པའི་བརྗོད་གཞི་གཞིར་བཟུང་ཐོག་ཀུན་ལ་སྨན་པའི་གཏམ་བཤད་ལྷུག་པོ་སྤེལ་གནང་མཐར་སློབ་གཉེར་བའི་ནང་དུ་དེ་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་གྲུབ་རྗེས་སུ།

མཐར་༧ སྐྱབས་རྗེ་༧སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་གཏམ་བཤད་པ་གསུམ་གྱིས་བགྲོ་གླེང་གནང་སྟངས་དང་། བགྲོ་གླེང་གི་བརྗོད་གཞིའི་སྐོར་ལས་འཕྲོས་ཏེ་བརྗོད་གཞི་གང་དེ་མ་འོངས་པར་རྒྱ་བསྐྱེད་ཀྱིས་རབ་བྱུང་ན་སློབ་མཐར་ཕྱིན་སྐབས་དཔྱད་དེབ་ཀྱི་རྣམ་པ་ལྟར་དེབ་གཟུགས་སུ་དཔར་བསྐྲུན་བྱེད་རྒྱུ་དང་། དེ་མ་ཐུབ་ཚེ་རྩོམ་ཤོག་གང་དེ་རྒྱས་འབྲི་བྱས་ཏེ་ཀུན་ལ་ཕན་པའི་འགྲེམ་སྤེལ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཡིན་ལུགས་ཀྱི་བཀའ་སློབ་ལམ་སྟོན་གྱི་ཆ་སོགས་རེ་བཞིན་དབྱེ་དགར་མཛད་དེ་བཀའ་དྲིན་མི་དམན་པ་བསྐྱངས་གནང་མཐར་རེ་ཞིག་ཟླ་འདིའི་བཤད་སྡེའི་བགྲོ་གླེང་བདེ་ལེགས་ངང་མཇུག་སྒྲིལ་བའོ། །