གཡུང་དྲུང་བོན་གྱི་དྲྭ་རྒྱ།

སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་མཆོག་ལ་ཕུལ་བའི་ཤིས་ཚིག།

གཉུག་མའི་ཡེ་ཤེས་རང་ཞལ་གསལ་མཛད་པའི།།
གཡུང་དྲུང་བོན་གྱི་བསྟན་པའི་རྒྱལ་ཚབ་མཆོག།
སྨན་རིའི་ལུང་རྟོགས་པད་མོ་འཛུམ་པའི་གཉེན།།
གསེར་ཁྲིའི་མངའ་བདག་ཉིན་བྱེད་སྣང་བའི་མགོན།།

རྒྱུ་སྐར་དབུས་ན་རི་བོང་འཛིན་གྱི་གྲོགས།།
བསྟན་འཛིན་བྱེ་བའི་གཙུག་གི་ནོར་བུ་གཅིག།
གཙུག་ལག་ཀུ་མུད་ལེགས་པར་དགོད་པའི་གྲོགས།།
ཐོབ་རྒྱལ་སྨན་རིའི་འོད་དཀར་འཛིན་དེ་རྒྱལ།།

སངས་རྒྱས་གཡུང་དྲུང་བོན་བསྟན་ཉིན་མོའི་དཔལ།།
བཤད་སྒྲུབ་འོད་སྣང་འབུམ་གྱི་མཛོད་འཆང་བ།།
མདོ་སྔགས་སེམས་ཀྱི་ཕན་བདེའི་རྩ་ལག་མཆོག།
ཁྲི་འཛིན་དབང་གི་རྒྱལ་པོའི་ཞབས་པད་བརྟན།།

རྫ་པ་ཚེ་རིང་འགྱུར་མེད་ཀྱིས་ཕུལ།
༢༠༢༢/༡༡/༡༥/ཉིན།