གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་༧སྨན་རི་བ་མཆོག་གིས་ཨ་རིའི་ནང་གི་མཛད་འཕྲིན་ཡོངས་སུ་གྲུབ་ནས་གདན་ས་༧སྨན་རིའི་གླིང་དུ་ཞབས་སོར་བདེ་བར་འཁོད་པ།

དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་༣༤པ་དཔལ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་ཨ་རིའི་ནང་གི་མཛད་པ་དང་འཕྲིན་ལས་ཡོངས་སུ་བདེ་བར་གྲུབ་ནས་ཨ་རིའི་བོན་གཤེན་གླིང་གི་དབུ་འཛིན་སྐྱོང་སྤྲུལ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ལགས་གཙོས་ཡུལ་དེའི་སེར་སྐྱ་མི་མང་ཀུན་གྱིས་སྟོན་འཁོར་ལྷན་རྒྱས་ལ་ཕེབས་བསྐྱལ་ཐོག་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡༢ པའི་ཕྱི་ཚེས་༢༧ཉིན་ཨ་མེ་རི་ཁ་ནས་མཁའ་ལམ་བརྒྱུད།  ཕྱི་ཚེས་༢༨ཉིན་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་སྟོན་འཁོར་ལྷན་རྒྱས་ཀྱིས་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་གྲུབ་པ་ནས་ཉིན་དེར་རྒྱལ་ས་ལྡི་ལི་ནས་ཞག་གཅིག་ལ་བཞུགས་གནང་མཛད། ཕྱི་ཚེས་༢༩ཉིན་ཅན་རྡིའི་སྒར་གྲོང་ཁྱེར་ནང་ཞབས་ཟུང་བདེ་བར་འཁོད་པ་དང་། སྐབས་དེར་བོད་སྤྱི་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་སོགས་གཙོས་བླ་གྲྭ་འགས་ཕེབས་བསུ་དང་དར་ཁས་སྣེ་དྲངས་ཞུས། མདང་ནུབ་སྐུ་འཁོར་རྣམ་པ་ཅན་རྡིའི་སྒར་དུ་ཞག་བཞུགས་མཛད།

དེ་རིང་སྟེ་ཕྱི་ཟླ་༡༢པའི་ཚེས་༣༠ བོད་ཟླ་༡༡པའི་བོད་ཚེས་༨ཉིན། གཟའ་སྐར་ཤིན་ཏུ་ལེགས་པའི་ཉིན་མོ་ཞིག་སྟེ་སྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་དུས་ཚེས་བཟང་པོ་འདི་ལ་གྲོང་ཁྱེར་ཅན་རྡིའི་སྒར་ནས་སྔ་དྲོ་ཕེབས་ཐོན་གྲུབ་པ་དང་།གྲོང་ཁྱེར་སོ་ལེན་དང་ཉེ་བའི་ལམ་དཀྱིལ་ཞིག་ཏུ་གནས་བཅོས་པའི་ (The Fern Surya resort) དྷ་ཕཎ་སུར་ཡ་གསོལ་མགྲོན་ཁང་ཆེན་མོའི་སྒོ་རྩར་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་སྤྱི་གཉེར། སྨན་རིའི་གྲྭ་ཚང་གི་གཉེར་པ། བོན་གཞིས་ས་གནས་འགོ་འཛིན་དང་གཞིས་དྲུང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་དང་། བོན་གཞིས་ས་འཐུས་ཚོགས་གཙོ། སྨན་རིའི་མགྲོན་ཁང་གི་སྤྱི་གཉེར། བོན་གཞིས་གཞོན་ནུའི་རྒྱུན་ལས། བོན་བུ་ཁྱིམ་ཁང་གི་སྐུ་ཚབ་བཅས་ཕེབས་བསུར་བཅར་ཡོད་པ་དང་།

སྟོན་འཁོར་རྣམས་ཡུལ་དེར་བདེ་བར་འཁོད་གྲུབ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱིས་མཐུན་སྦྱོར་དང་གོ་སྒྲིག་འོག་ (The Fern Surya resort) དྷ་ཕཎ་སུར་ཡ་གསོལ་མགྲོན་ཁང་ཆེན་མོར་སྟོན་འཁོར་ལྷན་རྒྱས་ལ་གསོལ་ཇ་དང་གསོལ་ཟས་སོགས་འདེགས་འབུལ་ཞུས།ལམ་དཀྱིལ་གྱི་གསོལ་ཇ་སོགས་ཡོངས་སུ་གྲུབ་རྗེས་ཚོགས་སྡེ་དང་ཚོགས་སྡེ་མ་ཡིན་པའི་སྐུ་ཚབ་རྣམས་ཀྱིས་གདན་འདྲེན་ཞུས་ཐོག

ཉིན་རྒྱབ་ཀྱི་ཕྱག་ཚོད་དང་པོའི་ཐོག་བོན་གཞིས་སུ་བདེ་ལེགས་ངང་ཞབས་སོར་འཁོད། ཐོལ་རྒྱལ་ལ་འགོར་བོན་གཞིས་སེར་སྐྱ་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པར་མ་ཟད་བོན་བུ་ཁྱིམ་ཁང་གི་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུའི་དོད་དུ་ཟློས་གར་ཞབས་བྲོ་སོགས་ཀྱིས་གདན་འདྲེན་གྱི་སྣེ་དྲངས།གཞན་ཡང་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་དགེ་སློབ་ཐུན་མོང་གིས་བསང་ཤུག་བདུག་སྤོས་སོགས་ཀྱིས་ཕེབས་བསུ་བྱས་ཡོད་པ་དང་།

དེ་བཞིན་དཔལ་ལྡན་སྨན་རིའི་ཤར་སྒོར་སྐྱབས་རྗེ་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་གཙོས་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བླ་གྲྭ་དགེ་བའི་བཤེས་གཉེན་ཡོངས། དེ་བཞིན་བཙུན་དགོན་རདྣ་སྨན་གླིང་གི་བཙུན་མ་རྣམས་དང་བོན་ཕྲུག་བདེ་དོན་སློབ་གཉེར་ཁང་གི་སློབ་ཕྲུག་ཡོངས་ཀྱིས་དར་ཁས་སྣེ་དྲངས་ཏེ་ཕེབས་བསུའི་སེར་འཕྲེང་སྒྲིག 

༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་གི་འཆམ་རར་ཕེབས་རྗེས་འདུས་མང་ཡོངས་གཡས་གཡོན་བསྟར་འཕྲེང་གཉིས་སུ་བརྒྱུས་ནས་དུང་དང་རྒྱ་གླིང་། རྔ་གཤང་རོལ་མོ་བཅས་ཀྱིས་གཤེན་རབ་མཆོད་རྔའི་མཆོད་འབུལ་ཡོངས་སུ་གྲུབ་རྗེས།

༧སྐྱབས་རྗེ་མཆོག་གསེར་ཁྲིར་བཞུགས་གསོལ་གྱི་འདོན་ཆོག་དང་། མཚན་ལྡན་བླ་མ་མཆོད་ཐབས་ནོར་བུ་འཕྲེང་བའི་གཞུང་ལྟར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས། སྔར་སྲོལ་བཞིན་སྐྱབས་རྗེ་མཆོག་ནས་འདུས་མང་ཡོངས་ལ་བསྙེན་བཀུར་མང་ཇ་དང་སྐུ་འགྱེད་སོགས་ཕུལ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།