གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཆུ་ཡོས་ལོའི་༧གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཤེན་གྱི་གར་འཆམ་ཆེན་མོ།

གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་བོད་ཆུ་ཡོས་ལོའི་བོད་ཟླ་༡པོའི་ཚེས་༧ཉིན་སྟེ། ཕྱི་ལོ་ ༢༠༢༣ཟླ་ ༢ཚེས་༢༦རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་ཐོག་ནས་

༧ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུ་བཞུགས་འོག་གཤེན་གྱི་གར་འཆམ་ཆེན་མོ་དབུ་འཛུགས་གནང་ཡོད་པ་རེད།

དེ་ཡང་ཉིན་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སུར་མོ་རྫོང་གི་རྫོང་དཔོན་“རམ་གྷུ་མར་གྷོ་ཏམ།”( D.C Sh. Ram Kumar Gautam District Welfer officer Sh.Vivek Arora )དང་།

སུར་མོ་རྫོང་གི་བདེ་དོན་ཚོགས་པའི་ཚོགས་གཙོ་“བཱེ་བུའུ་ཀེ་ཨ་རོ་རཱ།”རྣམ་གཉིས་གཙོས་ས་གནས་འགོ་འཛིན་དང་། སྐུ་ཚབ་བཅས་གཤེན་གྱི་གར་འཆམ་ཆེན་མོར་ཕེབས་བཅར་ཞུས་ཡོད་པ་དང་།

དམིགས་བསལ་སྐུ་མགྲོན་རྣམ་གཉིས་དེ་རིང་གི་མཛད་སྒོ་ལ་ཆེད་བཅར་གནང་བའི་ཐུགས་རྗེ་ལེགས་གསོལ་གྱི་དོད་དུ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ནས་གོས་ཐང་རྣམ་བཅུ་དབང་ལྡན་དང་། སྐྱེས་ཀྱི་ལེགས་ཚོགས་སྣ་མང་བཅས་གསོལ་བསྩལ་གནང་བ་དང་།

དེ་ཡང་གོང་ཚེས་ཆུ་ཚོད་དགུ་པ་ནས་བོན་གཤེན་རྔ་ཐོགས་ཀྱིས་སྣེ་དྲངས་པའི་སྲིད་རྒྱལ་དུས་དྲུག་དང་། རྣམ་བརྒྱད། ཤ་འཆམ་གྲུབ་རྗེས་ཉུང་ཇ་མཆོད་ཡོད་ཅིང་། དེ་རྗེས་ཀེང་འཆམ། མ་རྒྱུད་ཀྱི་གར་འཆམ་གྲུབ་མཚམས་སྔ་དྲོའི་མཛད་རིམ་གྲུབ་ནས་ཉིན་གུང་གསོལ་ཚིགས་མཆོད་ཡོད་པ་རེད།

ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་གཤེན་རབ་དགུ་འཆམ། རྒྱལ་པོ་ཤེལ་ཁྲབ། རྒྱ་ནག་ཧ་ཤང་། ཨ་ཙ་ར། གཟེ་གྱད་སྤར་གསུམ། སྟག་གཡག་སེང་གསུམ་དང་། ཁྱུང་རྩེད་བཅས་གྲུབ་མཚམས་གནའ་བོའི་ཞང་ཞུང་ཡུལ་གྲུ་ཁག་ཏུ་དར་ཁྱབ་ཆེ་བའི་ཤོན་རྩེད་འཁྲབ་རྗེས་ཉིན་འདིའི་གལ་ཆེའི་མཛད་སྒོ་བདེ་ལེགས་དང་རྒྱལ་ཁའི་ངང་ནས་ཡོངས་སུ་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

གཤིན་གྱི་འབྱུང་ལྡན་ ༣༠༡ བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ།

ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། ། འཛིན་སྐྱོང་སྤེལ་ལ་གཅེས་པའི་སྐྱེ་བོ་གང་། ། ཚེ་བསོད་དཔལ་གྲགས་མངའ་ཐང་རྒྱས་པ་དང་། ། མཁའ་མཉམ་འགྲོ་བའི་བདེ་ལེགས་དཔལ་འབར་ཤོག།

ཐ་ཚན་མུ་ཙུག་སྨར་རོ།

བོད་ཆུ་ཡོས་ལོའི་༧གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཤེན་གྱི་གར་འཆམ་ཆེན་མོ།