གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ།

དེ་རིང་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༠ རབ་གནས་ཆུ་ཡོས་ལོའི་ཟླ་བ་གཉིས་པའི་ཚེས་ ༨  ཉིན་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༣ པའི་ཚེས་ ༢༩ ཉིན་༧བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ ༤༥ འཁོར་བའི་དུས་ཆེན་མཛད་སྒོ་འཚོགས་ཡོད་ཅིང་

དེ་ཡང་ཁམས་གསུམ་འགྲོ་བའི་བདེ་སྐྱིད་ཀྱི་རྩ་ལག་ནི་སངས་རྒྱས་ཀྱི་བསྟན་པཡིན་པ་སྨོས་སུ་མེད་ལ། བསྟན་པའི་སྙིང་པོ་དེ་ཡང་ཐོས་བསམ་འཆད་ཉན་དགོས་པ་གཙོ་བོ་ཡིན། ཐོས་བསམ་འཆད་ཉན་གྱི་གཞི་མ་ཡང་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་པ་ལྟར། ཐོག་མར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་གཙོས་མཁན་སློབ་དམ་པ་རྣམས་ཀྱི་བླ་ན་མེད་པའི་དགོངས་བཞེད་ལས་སྤྱི་ལོ་ ༡༩༧༨ ལོར་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་དང་བཅས་པ་འཆད་ཉན་སློབ་གཉེར་གནང་ཆེད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ནས་ད་བར་མི་ལོ་ ༤༥ ཧྲིལ་པོར་འཁོར་ཡོད་པ་ལྟར།

གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་ པའི་ཐོག་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་འདུས་མང་ཡོངས་ནས་བསྟན་པའི་དར་ཆེན་སྒྲེང་འཛུགས་དང་རབ་གནས་གནང་རྗེས་ལྷ་རྒྱལ་རི་རྩེར་བསང་གསོལ་དང་ཕྱེ་མར་མཆོད་ཅིང་ལྷ་རྒྱལ་གསོལ། དེ་ནས་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་སེར་སྐྱ་ཀུན་གྱིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྨན་རིའི་མཁན་སློབ་རྣམ་པའི་སྐུ་པར་མཇལ་ཁ་ཞུས།

དེ་རྗེས་བཤད་སྒྲུབ་འདུས་སྡེའི་འཆད་ར་དགའ་ཚལ་གླིང་དུ་སེར་སྐྱ་ལྷན་འཛོམས་ཐོག་གཡུང་དྲུང་བོན་གྱི་བཤད་སྡེའི་དྲུང་ཡིག་གཟི་ཚ་སངས་རྒྱས་དོན་འགྲུབ་ལགས་ནས་མཛད་སྒོའི་གསུང་བཤད་གཙོ་སྐྱོང་དང་སྦྲག བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་རྒན་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དེ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་གཉིས་གདན་ཞུས་གནང་ཞིང་། ༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་བསྒྲེངས་ཏེ། བཀྲ་ཤིས་རྟེན་འབྲེལ་གྱི་མེ་ཏོག་སིལ་མ་མཁའ་ལ་འཐོར་བ་དང་ཆབས་ཅིག་སེར་སྐྱ་མི་མང་ཀུན་གྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས།  དེ་རྗེས་སེར་སྐྱ་མི་མང་ཡོངས་བཞུགས་གྲལ་དུ་འཁོད་མཚམས་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་ཏེ་སྔོན་འགྲོའི་མཛད་རིམ་ལེགས་པར་གྲུབ།

དེ་ནས་དངོས་གཞིའི་མཛད་རིམ་གྱི་ཐོག་མར་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཡུང་དྲུང་རྣམ་རྒྱལ་ལགས་ནས་མཛད་སྒོར་ཕེབས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་དང་འབྲེལ་དུས་ཆེན་ངོ་སྤྲོད་ཀྱི་གསུང་བཤད་གནང་།

དེ་ནས་རིམ་པ་ལྟར་ཚོགས་མགོན་དུ་ཞབས་སོར་འཁོད་པའི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སློབ་དཔོན། དེ་མིན་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་འགོ་འཛིན་དག་གིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། 

བོན་གཞིས་སམ་བྷོ་ཊའི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ནས་དུས་ཆེན་དང་འབྲེལ་རིས་མེད་ལྟ་གྲུབ་ཉམས་ལེན་གྱིས་རྒྱུས་ལོན་བྱེད་དགོས་པ་དང་། དེ་བཞིན་གུས་པ་རང་ཉིད་ལ་དཔེ་མཚོན་ན་ཐོག་མར་ས་གནས་འདིར་འབྱོར་དུས་སྐོར་ར་གཡས་སྐོར་གཡོན་སྐོར་གྱི་རྣམ་རྟོག་དང་མགོ་རྨོངས་ཡང་བྱུང་མྱོང་། ཡིན་ཡང་རྗེས་སུ་ལྟ་གྲུབ་དགེ་རྒན་གཙོས་པའི་རྣམ་པ་ཚོས་སྐོར་རའི་དགོས་དམིགས་དང་། རྒྱུ་མཚན་གྱིས་མཚོན་པའི་བོན་གྱི་ལྟ་གྲུབ་ངོ་སྤྲོད་གནང་པ་ལ་བརྟེན་ནས་གཞི་རྩའི་ལྟ་གྲུབ་དང་སྐོར་ར་གཡས་གཡོན་ཙམ་གྱིས་བཟང་ངན་དབྱེ་མཚམས་མེད་པ་ལ་སོགས་གོ་རྟོགས་ཡག་པོ་བྱུང་བའི་སྐོར་ཉམས་མྱོང་དང་འབྲེལ་ནས། མ་འོངས་པར་དགོན་པའི་ནང་དུ་མཇལ་སྐོར་ཕེབས་མཁན་དག་ལ་ངོ་སྤྲོད་འགྲེལ་བཤད་གནང་མཁན་ཞིག་ཡོད་པ་བྱུང་ན་དགེ་མཚན་ཆེ་སྐོར་བཅས་གསུངས།

བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་ནས། དགེ་སྦྱོར་ཉམས་ལེན་འདི་དགེ་འདུན་པ་ཙམ་མ་ཡིན་པར་སེར་སྐྱ་ཡོངས་ཀྱིས་སྒྲུབ་དགོས་པ་ཞིག་རེད་ལ། ང་ཚོས་དུས་དང་རྣམ་པ་ཀུན་དུ་ཚེ་འདི་ཙམ་མ་ཡིན་པར་མཐར་ཐུགས་རྫོགས་སངས་རྒྱས་པའི་ཐབས་ཁྱད་པར་ཅན་ཞིག་རེད། ང་ཚོའི་ལུས་རྟེན་འདི་གང་བྱས་ན་ཡང་བྱེད་ནུས་པའི་རྟེན་ཁྱད་པར་ཅན་ཞིག་ཡིན་པ་ངོ་ཤེས་ཤིང་མ་བརྗེད་པ་བྱེད་པ་དང་ལྷག་པར་གཞོན་སྐྱེས་རྣམས་ཀྱིས་ཐུགས་སྣང་དགོས་གལ་སོགས་ཀྱི་བཀའ་སློབ་བསྩལ། 

གཡུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་གིས་གསུང་བཤད་གནང་བཞིན་པ།

བཤད་སྒྲུབ་མཁན་རིན་པོ་ཆེས། བསྟན་པའི་རྩ་བ་ཉན་བཤད་ཡིན། འདི་ཡོད་བསྟན་པ་ཡོད་པ་ཡིན། འདི་མེད་བསྟན་པ་མེད་པ་ཡིན་ཞེས་པའི་ལུང་དང་འབྲེལ་ནས། གཞུང་ལུགས་དང་བསྟན་པ་ལ་ཐོས་བསམ་དང་འཆད་ཉན་འཆད་ཉན་དེ་གལ་ཆེ་ཚུལ་དང་། འཆད་ཉན་གྱི་ལམ་ནས་དཔེ་ཆ་ལ་གོ་བ་འབྱུང་བ་ལ་སོགས་དང་འབྲེལ་བའི་སྒོ་ནས་བཀའ་སློབ་གསོལ་བསྩལ་གནང་། 

དེ་ཡང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་“ཚང་མ་སློབ་སྦྱོང་ལ་ཐོག་མར་ཞུགས་དུས་དམིགས་ཡུལ་དང་རྒྱུ་མཚན་རེ་ཡོད་པ་རེད། ང་རང་ཚོ་དགེ་འདུན་པ་དང་བཙུན་མ་རྣམ་པ་བཤད་སྒྲུབ་སློབ་གཉེར་ལ་ཐོག་མར་ཞུགས་དུས། སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ་བའི་ཕྱིར་དུ་ཞེས་བརྗོད་པ་བཞིན། ཚེ་འདིའི་ལྟོ་གོས་གཏམ་གསུམ་ཆེད་དུ་མ་རེད། ཚེ་ཕྱི་མའི་ཆེད་དུ་རེད་”ཅེས་དང་། “དེང་སང་དགེ་བཙུན་ནང་ནས་ལག་འཁྱེར་ཡག་པོ་ཞིག་དང་དེ་ནས་གླ་ཆེན་པོ་རག་ཡ་དམིགས་ཡུལ་འཛིན་མཁན་རེ་འགའ་འདུག་པ་དེ་ཚོ་ཐོག་མའི་དམིགས་ཡུལ་དང་འགལ་བ་རེད་ལ་ལམ་ཁ་ནོར་བ་རེད། དེ་ཚོ་ཚང་མས་སེམས་ལ་ཡག་པོ་བཞག་དགོས་རེད། དེང་སང་དགེ་བཙུན་རྣམ་ཀྱིས་སློབ་སྦྱོང་བྱེད་དུས་ཞིབ་འཇུག་གི་རྣམ་པ་ཁོ་ན་འདྲ་པོ་ཞིག་གནང་གི་འདུག་བསམ་གྱི་འདུག་གཅིག་བྱས་ནས་ངས་ནོར་བ་ཡིན་རྒྱུ་རེད།  དེ་འདྲ་གནང་རྒྱུ་ཡོད་མ་རེད། དད་པ་དང་དག་སྣང་དགོས་རྒྱུ་གལ་ཆེན་པོ་རེད་།” “ང་ཚོ་མཚན་ཉིད་པས། རྩོད་པ་རྒྱབ་ཡ་དེ་ཁ་རྩོད་དང་སྣ་རྩོད། འཇིག་རྟེན་པའི་ཁྲོད་ང་རྒྱལ་ཁྱོད་ཕམ་ཟེར་ནས་རྩོད་ཀྱི་ཡོད་མ་རེད། ང་ཚོས་རྩོད་ཡ་དེ་མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་རྒྱུའི་ཆེད་དུ་རེད།” “ལྷག་པར་དུ་སྔགས་རྫོགས་འཛིན་གྲྭ་ལ་སླེབས་ནས་ཞོགས་པ་སྒོམ་རྒྱབ་རྒྱུ་ལ་སོགས་ཉིན་རེ་བཞིན་ཉམས་ལེན་ལ་སྦྱོང་བརྩོན་གནང་གི་ཡོད་རེད། དེང་སང་ཡང་མཚན་ཉིད་པ་ལབ་དུས་ཁ་ནས་བཤད་རྒྱུ་ཁོ་ན་མ་གཏོགས་ཉམས་ལེན་ཡོད་མ་རེད་གསུང་མཁན་ཡོད་རེད་སོང་ཙང་དེ་འདྲ་མ་རེད།’’ “དང་པོ་ཐོས། དེ་ནས་བསམ། དེ་ནས་སྒོམ་དགོས་རེད། དང་པོ་གཞུང་ལུགས་རྒྱ་མཚོ་ལྟ་བུ་དང་ལྷག་པར་རིག་གནས་དེ་ཚོ་ཐོས་དགོས་རེད་། དང་པོ་མ་ཐོས་ན་སྒོམ་བསྡད་རྒྱུ་ཅང་ཡོད་ཀྱི་མ་རེད་།”་ཅེས་སོགས་དང་། ཡང་”དེང་སང་གཞོན་སྐྱེས་ནང་ལ་བོད་ཡིག་སྦྱོང་ན་ལས་ཀརག་གི་མི་འདུག་ཟེར་བ་ལ་སོགས་ལབ་ནས་གཞན་སྐད་སྦྱོང་ཡ་ལ་འདུན་པ་ཆེན་པོ་བྱེད་ཀྱི་འདུག དེང་སང་ནང་ཆོས་ལ་དོ་སྣང་གནང་མཁན་ཕྱི་རྒྱལ་བ་མང་པོས་བོད་སྐད་དང་བོད་ཡིག་སྦྱོང་གི་འདུག ཁོ་ཚོས་བོད་ཀྱི་ནང་ཆོས་སྐད་ཡིག་གཞན་ཐོག་ཏུ་བསྒྱུར་ནས་གླ་ཆེན་པོ་རག་གི་ཡོད་རེད། བྱས་ཙང་ང་ཚོའི་གཞོན་སྐྱེས་རྣམ་པས་བོད་ཡིག་དང་ནང་ཆོས་སྦྱོང་ན་བོད་ཡིག་ཐོག་ཏུ་བཞུགས་པའི་བཀའ་འགྱུར་བརྟེན་འགྱུར་པོ་ཏི་བརྒྱ་ཕྲག་མང་པོ་སྐད་ཡིག་གཞན་ལ་བསྒྱུར་ཡ་ཡོད་ཙང་ལས་ཀ་མི་རག་པའི་སེམས་ཁྲེལ་དགོས་ས་མི་འདུག”ཅེས་སོགས་ཀྱི་སློབ་གཉེར་གནང་ཕྱོགས་ཀྱི་ལམ་སྟོན་དང་། དེ་བཞིན་ནང་ཆོས་སློབ་གཉེར་བྱེད་པར་བོད་སྐད་བོད་ཡིག་སྦྱོང་རྒྱུ་གལ་ཆེན་ཡིན་པའི་སྐོར་གྱི་བཀའ་སློབ་གནད་སྨིན་བསྩལ།

དེ་རྗེས་ལོ་འཁོར་གཅིག་གི་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དང་། བཙུན་དགོན་རད་ན་སྨན་གླིང་གི་སློབ་གཉེར་བའི་གྲལ་ནས་འཕར་རྒྱུགས་དམིགས་བསལ་ངག་རྒྱུགས་འབུལ་མཁན་དང་། ལོ་འཁོར་གྱི་ཡིག་རྒྱུགས་ཁྲོད་ནས་གནས་རིམ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ལེན་མཁན་བཅས་ལ་ ༧སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ནས་གཟེངས་བསྟོད་ཕྱག་འཁྱེར་དང་ཁ་བཏགས་གསོལ་བསྩལ་གནང་།  དེ་རྗེས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་རྒྱན་ཤོག་ཐོབ་མཁན་རྣམས་ལ་༸སྐྱབས་རྗེ་མཁན་སློབ་རྣམས་གཉིས་ཀྱི་དྲུང་ནས་རྒྱན་ཐོབ་བྱ་དགའ་བཞེས།

དེ་རྗེས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་ནས་མཛའ་བརྩེའི་འཚམས་འདྲི་དང་བཅས་དུས་ཆེན་འདི་དང་འབྲེལ་བའི་བཀའ་སློབ་སྩལ་དོན། ང་ཚོ་དེ་རིང་དུས་ཆེན་འདི་ལ་འཛོམས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆེད་དུ་རེད། བཀའ་དྲིན་ག་འདྲ་ཞིག་དྲན་དགོས་ཞེ་ན་སེམས་ཅན་གྱི་བདེ་སྐྱིད་རྩ་བ་སངས་རྒྱས་ཀྱི་བསྟན་པ་རེད། བདག་ཅག་གི་སྟོན་པས་བསྟན་པ་འདི་ཉིད་ཐོག་མར་གསུང་ནས་ད་ལྟའི་བར་མ་ཉམས་པར་གནས་པ་ནི། དེ་ཉིད་འཛིན་གནང་མཁན་གྱི་སྐྱེས་ཆེན་གོང་མ་རྣམས་ཀྱི་བཀའ་དྲིན་དྲན་དགོས་རེད།སངས་རྒྱས་ཀྱི་བསྟན་པ་བསླབ་པ་རྣམ་པ་གསུམ་གཙོ་བོར་བཞག་དགོས་རེད། ལྷ་ཁང་ཡག་པོ་དང་སྐུ་འདྲ་ཡག་པོ་བཞེངས་བཞག་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཐུབ་ཀྱི་མ་རེད། སོང་ཙང་བསླབ་གསུམ་རྒྱུད་ལྡན་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་ལ་གུས་བཏུད་དང་སྐྱབས་གནས་འཛིན་དགོས་རེད།ཅེས་སོགས་དང་། རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་མང་པོ་ཞིག་བྱེས་སུ་ཕེབས་ནས་བསྟན་པ་སྤྱི་སྒོས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་བསྐྱངས་ཡོད་པ་དེ་ཚོ་ལ་ཕྱིར་ལྟོས་བྱེད་ནས་བཀའ་དྲིན་དྲན་དགོས་སྐོར་དང་།  ཆོས་ལུགས་མཐུན་འབྲེལ་དང་དག་སྣང་སྦྱང་དགོས་པའི་སྐོར་ན་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་པ་རེད། མཇུག་མཐར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་དུས་ཆེན་རྒྱལ་ཁའི་ངང་མཇུག་གྲུབ་པ་ཡོད་པ་དང་། 

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ངོས་ནས་༧གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་སེར་སྐྱ་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་རྒྱས་འབུལ་ཞུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་གཙོ་སྒྲུབ་ཁང་ནས།