གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་གཉིས་པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཤད་ཁྲིད་གླེང་སྟེགས་ཆེན་མོ་ཞེས་སློབ་གཉེར་བ་སོ་སོའི་རྣམ་དཔྱོད་ཤེས་རབ་ཀྱི་རྩལ་ལས་གྲུབ་པའི་བརྗོད་གཞི་གང་རིགས་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་དེ་སྔོན་ནས་ཡོད་པ་དེ་དག་སྤུས་གཙང་དང་ཚགས་ཚུད་སྔར་ལྷག་ཡོང་ཆེད། ༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས། རིག་གནས་འགན་འཛིན་དང་ལས་ཀྱི་སྣེ་མོ་རྣམས་ཀྱིས་བགྲོ་གླེང་གི་དུས་ཚོད་དང་། གཏམ་བཤད་པའི་མི་གྲངས། དེ་བཞིན་གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་རང་ངོས་འདེམས་རྒྱུ་ལ་སོགས་ལེགས་བཅོས་ཀྱིས་གཏན་འབེབ་གནང་བ་བཞིན། ཟླ་བ་རེར་བགྲོ་གླེང་ཐེངས་རེ་འཚོགས་ཤིང་། ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲི་ལན་སྐར་མ་བཅོ་ལྔ་རེ་གནང་དང་གནང་མུས་ལྟར།

    དེ་རིང་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠༣ པའི་སྤྱི་ཚེས་ ༣༡ དང་། བོད་ཟླ་ ༠༢ པའི་བོད་ཚེས་ ༡༠ ཉིན། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག  གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་གཉིས་པའི་བགྲོ་གླེང་གོ་སྒྲིག་གནང་ཡོད་པ་དང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ དང་སྐར་མ་ ༣༠ ཐོག བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་དབུས་དགེ་རྒན་རྣམ་པ་དང་། བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཐོག་སྐབས་ ༤༣ པའི་བཤད་སྒྲུབ་འདུས་སྡེའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། སྐབས་བབ་ཀྱི་རིག་གནས་འགན་འཛིན་རྣམ་གཉིས། དེ་བཞིནབཤད་སྡེའི་སློབ་གཉེར་བ་བཅས་ཚོགས་ཁང་དུ་ལྷན་འཛོམས་གནང་ཞིང་།
  རིག་གནས་འགན་འཛིན་ཁྲི་གཙུག་རྣམ་རྒྱལ་ལགས་ཀྱི་གཙོ་སྐྱོང་འོག་གཏམ་བཤད་པ་དང་པོ། བཀའ་རམས་པ་དོལ་པོ་གཡུང་དྲུང་འཕྲིན་ལས་ལགས་ཀྱིས། 《༸རྒྱལ་གཤེན་ཡ་ངལ་གྱི་གདན་ས་བདེ་ལྡན་བསམ་གླིང་དགོན་གྱི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབས་རགས་ཙམ་གླེང་བ་》ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དབུ་འཛུགས་གནང་ཡོད་པ་དང་།

ཁོང་གིས་བརྗོད་གཞི་ལ། ༡ དགོན་གྱི་ཕྱག་འདེབས་པ་ལོ་རྒྱུས་གླེང་བ། ༢ དུས་ནམ་དང་གནས་གང་དུ་བཏབ་པ། ༣ ཕྱིའི་ཁོར་ཡུག་དང་ནང་གི་རྟེན་གླེང་བ། ༤ དགོན་པའི་བྱེད་སྒོ་ཁག་གླེང་བ། ༥དགོན་པའི་སློབ་གཉེར་བྱེད་ཕྱོགས་གླེང་བ། ༦ ཞོར་བྱུང་བོན་ཆོས་དབྱེར་མེད་གླེང་བ་ཞེས་སྡེ་ཚན་དྲུག་ཏུ་ཕྱེས་ནས་དཔྱད་གླེང་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

དེ་རྗེས་གཏམ་བཤད་པ་གཉིས་པ་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་བརྩོན་འགྲུས་གོང་འཕེལ་ལགས་ཀྱིས་《གཤེན་གྱི་གར་འཆམ་སྐོར་》ལ་གཏམ་བཤད་གནང་ཡོད་པ་དང་། དེ་ཡང་ཁོང་གིས་བརྗོད་བྱ་ལའང་། ༡ གར་དང་གར་འཆམ་གཉིས་ཀྱི་གོ་དོན་འགྲེལ་ཚུལ། ༢ གཤེན་གྱི་གར་འཆམ་གྱི་ངོ་བོ། ༣ གཤེན་གྱི་གར་འཆམ་གྱི་བྱུང་ཁུངས། ༤གཤེན་གྱི་གར་འཆམ་གྱི་རྣམ་གྲངས། ༥གཤེན་གྱི་གར་འཆམ་རྒྱན་ཆས་དང་ཕྱག་མཚན། ༦ གཤེན་གྱི་གར་འཆམ་གྱི་དགོས་པ་བཅས་སྡེ་ཚན་དྲུག་ཏུ་ཕྱེས་ནས་དཔྱད་གླེང་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་གཤེན་རྒྱལ་ཉི་མ་ལགས་ཀྱིས་《འཕྲེང་བའི་སྐོར་》ལ་གཏམ་བཤད་གནང་ཡོད་པ་དང་། དེ་ཡང་ཁོང་གིས་བརྗོད་བྱ་དེ་ཉིད་ལ་ ༡ འཕྲེང་བའི་ངོ་བོ། ༢ འཕྲེང་བའི་བྱུང་རིམ། ༣ འཕྲེང་བའི་དབྱེ་བ། ༤ འཕྲེང་བ་ལ་གྲངས་ཇི་ཙམ་དགོས་མིན། ༥ འཕྲེང་བའི་མདོ་འཛིན་དང་བཅུ་འཛབ་སྐོར། ༦ འཕྲེང་བ་འདྲེན་ཚུལ། ༧ འཕྲེང་བའི་དམ་ཚིག་དང་བཅས་སྡེ་ཚན་བདུན་དུ་ཕྱེས་ནས་སྐར་མ་བཅོ་ལྔའི་རིང་དཔྱད་གླེང་གནང་ཞིང་། དེ་རྗེས་དྲི་བ་དྲི་ལན་སྐར་མ་༡༥ གནང་མཐར་། ཕྱི་དྲོའི་དུས་ཚོད་ ༠༧ པའི་ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་གཉིས་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ།