གཡུང་དྲུང་བོན་གྱི་དྲྭ་རྒྱ།

སྨན་རིའི་དགེ་བཤེས་ཐོག་རུ་དྲང་སྲོང་དགེ་བཤེས་འཆི་མེད་ཚེ་དབང་དངོས་གྲུབ་ལགས་བླ་མར་ཁྲི་བཞེངས་མཛད་པ།

ཁ་སང་སྟེ་བོད་ཟླ་དང་པོའི་བོད་ཚེས་བཅོ་ལྔ་ཉིན་༧བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་དུས་བཟང་པོ་འཁྲུངས་མཆོད་ཁྱད་པར་ཅན་གྱི་ཉིན། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་དགེ་བཤེས་ཐོག་རུ་དྲང་སྲོང་དགེ་བཤེས་འཆི་མེད་ཚེ་དབང་དངོས་གྲུབ་མཆོག་འོམ་ལྷའི་བོན་དགོན་༧དཔལ་བསམ་གཏན་བདུད་འདུལ་འོད་གསལ་གླིང་གི་ལྷ་སྡེ་མི་མང་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གྲྭ་ས་ཆེན་པོའི་ལམ་སྲོལ་བཞིན་གོང་ཟླའི་བོད་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་ཕྱག་ཚོད་༡༠།༠༠་སྟེང་༧དཔལ་གཤེན་བསྟན་སྨན་རིའི་གྲྭ་ཚང་གི་གོ་སྒྲིག་འོག་སྤོས་འདྲེན་དང་། དུང་རྒྱ་གླིང་པ་བཅས་ཀྱིས་བསུ་མ་ཞུས་ཏེ་སྨན་རིའི་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད།


དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་སྡེ་དགོན་ཟུང་གི་ཚོགས་པ་ཆེ་ཕྲ་ཁག་གི་དབུ་འཛིན་རྣམས་ཀྱིས་རིམ་བཞིན་མ་འདལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། སེར་སྐྱ་མང་ཚོགས་ཡོངས་ནས་དར་ཁ་བསྒྲོན་འབུལ་དང་མཇལ་ཁ་ཞུས་ཡོད་པའི་གནས་བསྡུས་སུ་གཡུང་དྲུང་བོན་དྲ་རྒྱ་ནས་སྤེལ་བའོ། །

སྤྱི་ལོ་༢༠༢༣ཟླ་བ་༣ཚེས་༨ཉིན་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འོམ་ལྷའི་བོན་དགོན་༧དཔལ་བསམ་གཏན་བདུད་འདུལ་འོད་གསལ་གླིང་གི་བླ་མ་རུ་ཁྲི་བཞེངས་གནང་ཡོད་པ་བཅས་ཀྱི་མཚམས་སྦྱོར་སྙིང་བསྡུས་སུ། །

ལོ་རྒྱུས་སྙིང་བསྡུས།
ཐོག་རུ་ཚང་དགེ་བཤེས་འཆི་མེད་ཚེ་དབང་དངོས་གྲུབ་ལགས་ཡབ་ཕུན་ཚོགས་དང་། ཡུམ་གསེར་བཟང་མོ་གཉིས་ཀྱི་སྲས་སུ་འོམ་ལྷའི་ཉིན་ཡུལ་སྟོད་པ་རུ་སྐུ་འཁྲུངས། དེ་ནས་ ༡༩༩༢ ལོར་གདན་ས་སྨན་རིའི་བོན་ཕྲུག་བདེ་དོན་ཁང་དུ་འཛུལ་ཞུགས་ཀྱིས་བོན་གཞིས་ཉིན་སློབ་ནས་འཛིན་རིམ་བརྒྱད་པ་སློབ་མཐར་ཕྱིན།༡༩༩༨ ལོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཞིང་བཤེགས་དམ་པ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༸རྒྱལ་བ་སྨན་རི་བའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་གཙང་གཙུག་གི་སྡོམ་པ་བཞེས་ཤིང་མཚན་ལ་ཚེ་དབང་དངོས་གྲུབ་ཅེས་གསོལ། དེ་ནས་༸གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔའ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། ༢༠༠༩ ལོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཞིང་གཤེགས་དམ་པ་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་མཆོག་དང་།

གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་པ་བཞེས་ཤིང་མཚན་ལ་འཆི་མེད་ཚེ་དབང་དངོས་གྲུབ་ཅེས་གསོལ། ༢༠༡༤ ལོར་ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་མདུན་ནས་གཡུང་དྲུང་བོན་གྱི་གཞུང་ཆེན་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པ་ལ་ཐོས་བསམ་ཚུལ་བཞིན་དུ་སྦྱངས་པ་མཐར་སོན་གྱིས་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས། དུས་དེའི་རིང་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དྲུང་ཡིག ​ཚོགས་གཞོན། རིག་གནས་འགན་འཛིན། སྨན་རིའི་གཤེན་གྱི་གར་འཆམ་གྱི་འགན་འཛིན་སོགས་གནང་། ད་དུང་དམིགས་བསལ་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྤྱི་གཉེར། དེ་མིན་ཡང་གོ་གནས་ཡོད་མིན་ལ་མ་ལྟོས་པར་དགོན་པའི་ལས་དོན་འདྲ་མིན་ཁག་ལ་ཞབས་ཕྱི་གང་མང་ཞུས་པ་མ་ཟད། ད་ལྟའི་ཆར་གདན་ས་སྨན་རིའི་༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་ཡི་ཕྱག་ལས་གནང་མུས་སུ་བཞུགས་ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་སུ་ཕུལ་བའོ། །