གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸རྒྱལ་བ་༸སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་གསུང་འཕྲིན། Message from HIs Holiness the 34th Menri Trizin Rinpoche

༄༅། །༧གོང་ས་༧ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནི། འཛམ་གླིང་ཞི་བདེའི་དེད་དཔོན། ཚད་མེད་ཞི་བའི་ལམ་སྟོན། བྱམས་དང་བརྩེ་བའི་བདག་ཉིད་ཆེན་མོ། སྐྱེ་འགྲོ་ཡོངས་ལ་རིས་སུ་མ་ཕྱེས་པར། བྱམས་ཞིང་བརྩེ་བས་སྐྱོང་བའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་མ་ཟད། གང་གི་གསང་གསུམ་ཡིད་བཞིན་གྱི་ནོར་བུར་ཉེར་འཚེའི་དྲི་མས་མ་བསླད་པར་སྐུ་ཁམས་གསལ་ལ་དྭངས་ཤིང་འཚོ་ཞིང་བཞུགས་པ་ནི། ངེད་ཅག་སྐྱེ་འགྲོ་ཀུན་སྐལ་པ་དང་ལྡན་ཞིང་བླ་ན་མེད་པའི་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ༧གོང་ས་༧མཆོག་ནས་མི་ལོ་དུ་མའི་རིང་སྐུ་ངལ་འཛེམས་མེད་ཀྱིས་འཛམ་གླིང་གི་ཆོས་ལུགས་མི་འདྲ་བའི་རྗེས་འཇུག་པ་རྣམས་ཕན་ཚུན་འཆམ་མཐུན་དང་། གུས་བརྩི་ཞུས་ཏེ་ཆོས་ལུགས་ཀུན་ལ་དག་སྣང་སྦྱོངས་དགོས་ལུགས་ཀྱིས་མཁས་པའི་བགྲོ་གླེང་དང་། རྒྱ་ཆེ་མང་ཚོགས་ལ་བཀའ་སློབ་སོགས་བསམ་གྱིས་མི་ཁྱབ་པའི་མཛད་པ་བསྐྱངས་ཡོད། དེ་བཞིན་རྒྱལ་ཁབ་དང་མི་རིགས་འདྲ་མིན་སྣ་ཚོགས་མི་མཐུན་པ་གང་ཡོད། ཞི་བའི་བགྲོས་མོལ་གྱི་ལམ་ནས་གནད་དོན་མཐའ་དག་སེལ་དགོས་ལུགས་ཀྱིས་ལམ་སྟོན་གྱི་བཀའ་དྲིན་གནང། དེ་ལྟར་༧གོང་ས་༧མཆོག་ནི་དུས་ཀུན་ཏུ་ཆེ་ཚུལ་གྱི་དགོངས་པ་ནམ་ཡང་མི་བཞེས་པར། ཕོ་མོ་དང་ཕྱུག་དབུལ། མཐོ་དམན་དང་དྲག་ཞན་སོགས་དབྱེ་བ་དང་རིས་སུ་མ་ཕྱེས་པར། འགྲོ་བ་མི་ཀུན་ལ་འདྲ་མཉམ་གྱི་བརྩེ་བས་མཇལ་འཕྲད་གནང་བཞིན་ཡོད། འོན་ཀྱང་ཉེ་སྔོན་མཇལ་ཁ་ཞིག་གི་སྐབས་སུ་གནས་ཚུལ་བརྙན་ཐུང་ཞིག་དུམ་བུར་བཅད་གཏུབ་བྱས་ཏེ་འཛམ་གླིང་ཡོངས་ཁྱབ་དུ་སྤྱི་ཚོགས་དྲ་རྒྱའི་ནང་དུ་བཀྲམ་སྟེ་ལོག་འགྲེལ་བྱས་རྐྱེན། ༧གོང་ས་༧མཆོག་ལ་མཚན་སྨོད་ཞུ་མཁན་མི་ཉུང་བ་ཞིག་བྱུང་བ་མཁྱེན་གསལ་ལྟར་དང་། གནད་དོན་འདིའི་རྐྱེན་གྱིས་༧གོང་ས་༧མཆོག་ལ་དད་གུས་ཞུ་མཁན་རྗེས་འཇུག་སློབ་ཚོགས་དང། དེ་བཞིན་ཞི་བདེ་དང་བྱམས་བརྩེ་ལ་དགའ་བའི་མི་མང་འབུམ་ཕྲག་མང་པོའི་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་བ་ལྟར། ངོས་རང་ལའང་དེ་བཞིན་བློ་ཕམ་ཆེན་པོ་བྱུང། འོན་ཀྱང་རྗེས་འཇུག་དད་ལྡན་པ་རྣམས་གནས་ཚུལ་འདི་ལ་བརྟེན་ནས་སེམས་སྡུག་གིས་མནར་ཅིང། རང་ཉིད་ཆགས་སྡང་ཉོན་མོངས་ཀྱི་དབང་དུ་མ་སོང་བར། རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ། ༧གོང་ས་༧མཆོག་གིས་བཀའ་སློབ་རྣམས་ཡིད་ལ་བཅང་སྟེ། དེ་དག་ལ་སྙིང་རྗེ་དང་བྱང་སེམས་བསྒོམས་ཏེ་བློ་སེམས་བག་ཕེབས་སུ་གནས་དགོས། དེ་དང་ཆབས་ཅིག་རྗེས་འཇུག་པ་ཡོངས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མི་ཤིག་གཡུང་དྲུང་གི་ཁམས་སུ་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་ཞབས་བརྟན་གསོལ་འདེབས་ལ་འབད་བརྩོན་ཤུགས་དྲག་གནང་བའི་འབོད་བསྐུལ་བཅས། 

སྨན་རིའི་ཁྲི་འཛིན་སོ་བཞི་པས། ཕྱི་ལོ། ༢༠༢༣ ཟླ། ༠༤ ཚེས་༡༥ ཉིན།།