གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་གསུམ་པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་སོ་སོའི་རྣམ་དཔྱོད་དང་སྦྱོང་བརྩོན་གྱི་རྩལ་ལས་གྲུབ་པའི་ཤེས་བྱའི་དཔལ་ཡོན་དེ་དག་བཤད་རྩལ་གྱི་ལམ་ནས་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་དང་སྦྱོང་བརྡར་དུ་དམིགས་ཏེ། བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་བཤད་ཁྲིད་གླེང་སྟེགས་ཆེན་མོ་ཞིག་གཏན་འབེབ་གནང་བ་བཞིན།  གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོའི་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་། དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠༤ པའི་སྤྱི་ཚེས་ ༢༢ དང་། བོད་ཟླ་ ༠༣ པའི་བོད་ཚེས་ ༠༢ ཉིན། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་གསུམ་པའི་བགྲོ་གླེང་གོ་སྒྲིག་གནང་ཡོད་པ་དང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ : ༣༠ ཐོག བཤད་སྒྲུབ་འདུས་སྡེའི་མཁན་སློབ་རྣམ་གཉིས་དབུས་དགེ་རྒན་རྣམ་པ་དང་། བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཐོག་སྐབས་ ༤༣ པའི་བཤད་སྒྲུབ་འདུས་སྡེའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། སྐབས་བབ་ཀྱི་རིག་གནས་འགན་འཛིན་རྣམ་གཉིས། དེ་བཞིནབཤད་སྡེའི་སློབ་གཉེར་བ་དང་།  སྨན་རིའི་གཞི་རིམ་སློབ་གཉེར་བ་བཅས་ཚོགས་ཁང་དུ་ལྷན་འཛོམས་གནང་ཞིང་།

རིག་གནས་འགན་འཛིན་ཁྲི་གཙུག་རྣམ་རྒྱལ་ལགས་ཀྱི་གཙོ་སྐྱོང་འོག་གཏམ་བཤད་པ་དང་པོ། བཀའ་རམས་པ་སྤ་ཚང་ཡེ་ཤེས་རྒྱ་མཚོ་ལགས་ཀྱིས། 《གདུང་རྒྱུད་ཆེ་དྲུག་གི་ཡ་གྱལ་འོད་གསལ་སྤ་ཡི་གདན་ས་དཔལ་གཤེན་བསྟན་གཡུང་དྲུང་རབ་བརྟན་གླིང་ངམ་སྤ་ཚང་དགོན་གྱི་ལོ་རྒྱུས་མདོར་ཙམ་གླེང་བ་》ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དབུ་འཛུགས་གནང་ཡོད་པ་དང་། ཁོང་གིས་བརྗོད་གཞི་ལ། དང་པོ། འོད་གསལ་སྤ་ཡི་གདུང་རྒྱུད་མཆེད་ཚུལ། གཉིས་པ། སྤྱི་ལོ་ (༡༨༤༧) ལོར་སྤ་སྟོན་གཡུང་དྲུང་ནམ་བཟང་མཆོག་གིས་སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གསར་དུ་ཕྱག་བཏབ་པ་བཟུང་མཁན་རབས་ལྔ་ཡི་རིང་གི་མཁན་པོ་དག་གི་བསྟན་འགྲོའི་དོན་མཛད་ཚུལ། གསུམ་པ། དུས་འགྱུར་བྱུང་ནས་ད་ལྟའི་བར་མཁན་རབས་གསུམ་གྱི་རིང་དགོན་པའི་གནས་བབ་སྐོར་བཅས། སྡེ་ཚན་གསུམ་དུ་ཕྱེས་ནས་དཔྱད་གླེང་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད།

དེ་རྗེས་གཏམ་བཤད་པ་གཉིས་པ་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་ཁྲི་སྐལ་བཟང་ཉི་མ་ལགས་ཀྱིས་《བྱང་རྩ་མི་དང་འབྲེལ། རྨ་རི་དེའུ་གསུམ་གྱི་ས་ཚིགས་སྐོར་གླེང་བ་》ཞེས་པའི་བརྗོད་གཞིའི་ཐོག་། ༡ རྨ་རི་དེའུ་གསུམ་ཞེས་པ་དེའི་དོན་དང་ས་ཚིགས་ངོས་བཟུང་གི་བཞེད་ཚུལ་ཁག་འགའ་ངོ་སྤྲོད། ༢ བྱང་རྩ་མི་དང་འབྲེལ་རྨ་རི་དེའུ་གསུམ་གྱི་ཡུལ་ཁམས་ཕྱོགས་སྟོན། ༣ རྨ་རི་དེའུ་གསུམ་དང་རྨ་ཡུལ་ཁྲི་ཀའི་འབྲེལ་ཚུལ། ༤ རྨ་ཡུལ་ཁྲི་ཀ་དང་འབྲེལ་བའི་དྲང་སྲོང་མུ་ཟིའི་རྗེས་ཤུལ།  ༥ བོན་ལུགས་ཀྱི་འདུལ་བ་ཕྱི་དར་དང་འབྲེལ་རྨ་ཀླུང་བྱང་རྒྱུད་ངོ་སྤྲོད་ཅེས་སྡེ་ཚན་ལྔ་རུ་ཕྱེས་ནས་དཔྱད་གླེང་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་འབྲས་ལྗོངས་སྤེན་པ་ཚེ་དབང་ལགས་ཀྱིས་《འབྲས་ལྗོངས་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་ངོ་སྤྲོད་མདོར་བསྡུས》ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། དེ་ཡང་ཁོང་གིས་བརྗོད་བྱ་དེ་ཉིད་ལ། དང་པོ། དགོན་པ་དེ་ཉིད་བཞེངས་མཁན་ཞུ་ཚང་བླ་མ་གཡུང་དྲུང་ཚུལ་ཁྲིམས་ཀྱི་ངོ་སྤྲོད་དང་། གཉིས་པ། དགོན་པ་ཕྱག་མ་བཏབ་སྔོན་དུ་ལུང་བསྟན་ཇི་ལྟར་བྱུང་ཡོད་པ། གསུམ་པ། དགོན་པ་ལེགས་གྲུབ་བྱུང་རྗེས་རབ་གནས་ཀྱི་སྐོར་བཅས་སྡེ་ཚན་གསུམ་དུ་ཕྱེས་ནས་སྐར་མ་བཅོ་ལྔའི་རིང་དཔྱད་གླེང་གནང་ཞིང་། དེ་རྗེས་དྲི་བ་དྲི་ལན་སྐར་མ ་༡༥ གནང་མཐར་། ཕྱི་དྲོའི་དུས་ཚོད་ ༠༧ པའི་ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་གསུམ་པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ།