གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་སྟོན་འཁོར་ལྷན་རྒྱས་རྒྱ་གར་ལྷོ་ཕྱོགས་སྦེར་ལོར་དུ་མཛད་འཕྲིན་བསྐྱངས་པའི་སྐོར།

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ། རྒྱལ་སྤྱིའི་Shri Sathya Sai Seva Organisation ཚོགས་པས། བྱང་ཕྱོགས་འཐུས་མིའི་ཚོགས་གཙོ་སྨན་པ་གྲགས་ཅན་ Dr Sanjay Agarwal རྒྱུད་གདན་ཞུས་གསོལ་བ་བཏབ་པ་བཞིན། འདི་ཟླའི་བོད་ཚེས་བཅོ་ལྔའི་ཉིན་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་རིས་མེད་ལྟ་བའི་གྲུབ་མཐའ་འཛིན་པའི་ཧིན་དྷུའི་བླ་ཆེན་  Shri Sathya Sai Baba མཆོག་གི་མ་དགོན་ Prasanthi Nilayam Ashram དུ། གནས་བརྟན་སྡེ་པའི་ལུགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་ཆེན་པོ་གསུམ་འཛོམས་ Buddha Poornima Celebration ཀྱི་དགེ་བའི་དུས་ཆེན་མཛད་སྒོའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད་པ་དང་། གཞན་ཡང་ཚོགས་པ་དེ་གས་གདན་ཞུས་ལྟར་༧གདན་ས་སྨན་རིའི་གཤེན་གྱི་གར་འཆམ་པ་ཁག་གཅིག་ཀྱང་ཕེབས་ཡོད།

དེ་ཡང་སྤྱི་ཟླ་ ༥ ཚེས་ ༡ ཉིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་སྟོན་འཁོར་ལྷན་རྒྱས། སོ་ལན་སྨན་པ་ Dr Sanjay Agarwal གྱིས་གདན་ཞུས་ལྟར་རང་དགོན་ནས་ཆིབས་གྲུའི་བརྒྱུད་རྒྱལ་ས་ཅན་དྷི་སྒར་ Chandigarh ཕེབས་ཤིང་། ཅན་དྷི་སྒར་ Chandigarh ནས་གནམ་གྲུའི་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་ས་སྦེང་ལོར་ Bangalore གནམ་ཐང་དུ་ཕེབས་ཐོན་གནང་ཞིང་། དེ་ནས་ཆིབས་གྲུའི་བརྒྱུད་ཆུ་ཚོད་གཉིས་ཙམ་རྗེས་ Prashanti Nilayam Asharam དགོན་དུ་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ངང་བདེ་བར་འབྱོར།

གཤེན་གྱི་གར་འཆམ་པ་དང་རྔ་རོལ་པ་བཅས་ཁྱོན་བསྡོམས་སློབ་གཉེར་བ་གྲྭ་ཉི་ཤུ་རྩ་གཉིས་ཙམ་སྤྱི་ཟླ་ ༥ ཚེས་ ༡ ཉིན་རང་དགོན་ནས་མོ་སྒྲའི་བརྒྱུད་རྒྱལ་ས་ཅན་རྡི་གར་དང་། དེ་ནས་མེ་འཁོར་བརྒྱུད་སྤྱིེ་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ས་གནས་ Puttaparthi མེ་འཁོར་འབབ་ཚུགས་སུ་བདེ་འབྱོར། དེ་ནས་མོ་སྒྲའི་བརྒྱུད་ Prashanti Nilayam ཧིན་དྷུའི་བླ་ཆེན་ Shri Sathya Sai Baba མཆོག་གི་མ་དགོན་དུ་སྣེ་ལེན་ཟབ་རྒྱས་ངང་བདེ་བར་འབྱོར།

སྤྱི་ཚེས་ ༤ ཉིན། ཞོགས་པ་ཕྱག་ཚོད་༨ ཐོག་ Sai Kulwant Hall, Prasanthi Nilayam, ཚོགས་ཁང་དུ་ཤར་ཕྱོགས་ནང་པའི་རྒྱལ་ཁབ་བཅུ་ལྷག་ཙམ་ནས་ཕེབས་པའི་སྐུ་མགྲོན་དང་ཆོས་ཞུ་བ་མི་མང་ལྔ་སྟོང་ལྷག་ཙམ་དང་། དྲ་རྒྱའི་ཐད་གཏོང་བརྒྱུད་ནས་རྒྱལ་ཁབ་ ༡༡༨ ལྷག་ཙམ་ནང་ཡོད་པའི་ Sri Satya Sai Seva Organisation རྒྱལ་སྤྱིའི་ཚོགས་པའི་ཚོགས་མི་མཉམ་ཞུགས་ཐོག་མཛད་སྒོ་ངོ་སྤྲོད་དང་འབྲེལ་དབུ་འཛུགས་གནང་།

ཕྱག་ཚོད་ ༨། ༣༠ ཐོགས་༧གདན་ས་སྨན་རིའི་གཤེན་གྱི་གར་འཆམ་པས་རྔ་རོལ་སྤོས་འདྲེན་གྱིས་མདུན་བསུས་ཏེ་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ཚོགས་དགོན་དུ་ཕེབས་བསུ་དང་འབྲེལ་རིན་པོ་ཆེ་དབུ་བཞུགས་ཐོག ༧གདན་ས་སྨན་རིའི་བླ་གྲྭ་རྣམ་པས་སྣེ་ཁྲིད་པའི་འོག རྒྱ་གར་ལྷོ་ཕྱོགས་རི་བོ་༧དགེ་ལུགས་པའི་གདན་ས་སེར་འབྲས་དགའ་གསུམ་ནས་ཕེབས་པའི་བླ་གྲྭ་དང་། ༧རྙིང་མའི་གདན་ས་རྣམ་གྲོལ་གླིང་ནས་ཕེབས་པས་བླ་གྲྭ གཞན་ཡང་བལ་ཡུལ་ལུམ་བི་ནི་ནས་ཕེབས་པའི་གྲྭ་བཙུན་རྣམས་བཅས་མཉམ་འཛོམས་ཐོག ཧིན་དྷུའི་བླ་ཆེན་ཞིང་བཤེགས་དམ་པ་ Shri Sathya Sai Baba མཆོག་གི་སྐུ་གདུང་མདུན་དུ་བདེན་ཚིག་སྨོན་ལམ་དང་། ཞི་འགྱུར་སྨོན་ལམ་སོགས་དབྱངས་སྙན་དལ་བུའི་ངང་གསུངས།

ཕྱག་ཚོད་ ༩ པའི་ཐོག་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དབྱིན་སྐད་ཐོག་མཛད་སྒོ་དང་འབྲེལ་བཀའ་སློབ་ཟབ་རྒྱས་གནང་། དེ་ཡང་བཀའ་སློབ་ནང་གི་སྙིང་པོ་ནི་ “ནམ་མཁའི་མཐས་གཏུག་པའི་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་བྱམས་བརྩེ་བསྒོམ་དགོས་པ་དང་། སྒོམ་པ་ཙམ་གྱིས་མི་ཆོག་པར་གཞན་ཕན་གྱི་བྱ་བ་དང་བདེ་སྐྱིད་ཀྱི་ཆེད་ལག་ལེན་ངེས་པར་དུ་བསྟར་དགོས་པ་ནི་ Shri Satya Sai Baba མཆོག་གིས་གསུང་གི་སྙིང་པོ་དང་། ངོས་ཀྱི་འབོད་བསྐུལ་ཡང་ཡིན།” ཞེས་དང་། “གཞན་ཡང་གནས་མཆོག་འདི་ནི། དོན་དངོས་ཐོག་ལྷ་ཡི་ཞིང་ཁམས་དང་ཁྱེད་མེད་པར་དབེན་གནས་ཞི་བདེའི་གླིང་ཞིག་ཡིན་པར་མ་ཟད། ད་ལན་གྱི་ཆོས་ལུགས་མཛད་སྒོ་འདི་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་གཡུང་དྲུང་བོན་དང་ཧིན་དྷུའི་བར་གྱི་ཆོས་ལུགས་རིས་མེད་ཀྱི་མཛད་སྒོའི་ལོ་རྒྱུས་ཞིག་ཀྱང་ངོས་འཛིན་གནང་གི་ཡོད།” ཅེས་སོགས་གསུངས་གནང་སོང་།

ཕྱི་དྲོ་ཕྱག་ཚོད་ ༥ པའི་ཐོག་༧གདན་ས་སྨན་རིའི་བླ་གྲྭ་རྣམ་པས་གཤེན་གྱི་གར་འཆམ་མ་རྒྱུད་དང་། སེང་གེ། ཁྱུང་འཆམ་བཅས་སྤྱན་འབུལ་ཞུས། ཚོགས་པའི་མཛད་གཙོ་རྣམ་པ་སོགས་རྒྱ་ཆེའི་གཟིགས་མོ་བ་ཀུན་ཐུགས་དགའ་ཚོར་ཆེན་པོའི་ངང་འཆམ་པོ་ཡོངས་ལ་མང་ཚོགས་མདུན་དུ་ཧིན་དྷུའི་ཆོས་ལུགས་ཀྱི་གོས་ཆས་དཀར་པོ་རེར་གསོལ་སྩལ་གནང་།

སྤྱི་ཚེས་ ༥ ཉིན་ཞོགས་པ་ཕྱག་ཚོད་ ༨ ཐོག་ཚོགས་མགོན་དུ་རི་བོ་དགེ་ལུགས་པའི་གདན་ས་སེ་འབྲས་དགའ་གསུམ་ནས་ཕེབས་པའི་བླ་གྲྭ་དང་། ༧རྙིང་མའི་གདན་ས་རྣམ་གྲོལ་གླིང་ནས་ཕེབས་པའི་བླ་གྲྭ་རྣམ་པ། གཞན་ཡང་བལ་ཡུལ་ལུམྦི་ནི་ནས་ཕེབས་པའི་གྲྭ་བཙུན་བཅས་ཀྱིས་སྣེ་ཁྲིད་པའི་འོག་༧གདན་ས་སྨན་རིའི་བླ་གྲྭ་མཉམ་འཛོམས་ཐོག་གཟི་བརྗིད་དབྱངས་དང་བཅས་པའི་ངང་། ཤེས་རབ་སྙིང་པོ་དང་། སྨོན་ལམ་སོགས་གསུངས་གྲུབ་ནས།  Sai Seva Organisation རྒྱལ་སྤྱིའི་ཚོགས་པའི་ཚོགས་གཙོ་བླ་མ་ Shri K. Chakrawarti དང་། བླ་མ་ Shri R.J. Rathnakar མཆོག་གཉིས་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཡོངས་ལ་རབ་བྱུང་པའི་ན་བཟའ་རེ་གསོལ་བསྩལ་གནང་བ་དང་། Shri Satya Sai Baba མཆོག་གི་སྐུ་གདུང་མདུན་དུ་མཉམ་འཛོམས་འདྲ་པར་བསྐྱོན།

ཉིན་གུང་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་གྲྭ་བཙུན་ཡོངས་ལ་དམིགས་གསལ་བཞེས་ལག་རྒྱས་འབུལ་ཞུས། ཉིན་རྒྱབ་ Prashanti Nilayam དགོན་པའི་འཁོར་ཡུག་དང་། འགྲེམ་སྟོན་ཁང་། སྨན་ཁང་། མཐོ་སློབ་སོགས་ལ་གཟིགས་འབུལ་ཞུས།

ཕྱི་དྲོར་Shri Satya Sai Seva Organisation རྒྱལ་སྤྱིའི་ཚོགས་པའི་ཚོགས་གཙོ་བླ་མ་ Shri K. Chakrawarti དང་། ཞིང་གཤེགས་བླ་མ་ Shri Satya Sai Baba མཆོག་གི་སྐུ་ཚ། བླ་མ་ Shri R.J. Rathnakar མཆོག  སོ་ལན་སྨན་པ་ Dr Sanjay Agarwal མཉམ་འཛོམས་ཐོག ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་གསོལ་དང་། དགོན་པའི་ལོ་རྒྱུས་དང་མ་འོངས་འཆར་གཞི་སོགས་ལ་དཀའ་མོལ་ལྷུག་པོར་གནང་བ་དང་། གཞན་ཡང་མ་འོངས་པར་ཡང་ནས་བསྐྱར་དུ་རིན་པོ་ཆེ་གཙོས་གྲྭ་བཙུན་རྣམས་ཕེབས་རོགས་ཞེས་འབོད་བསྐུལ་ཡང་ཡང་གནང་ཡོད་པ་བཅས་མཛད་རིམ་རྣམས་བཀྲ་ཤིས་པའི་ངང་ལེགས་པར་གྲུབ།

སྤྱི་ཚེས་ ༦ ཉིན་གྱི་ཞོགས་པ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག ཞབས་ཕྱི་ཨེམ་ཆི་གཡུང་དྲུང་འོད་ཟེར་དང་། སོ་ལན་སྨན་པ་ Dr Sanjay Agarwal ལྷན་དུ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ Bangalore གནམ་ཐང་ནས་གནམ་གྲུའི་བརྒྱུད་རྒྱལ་ས་ཅན་དྷི་སྒར་ Chandigarh བར་དང་། དེ་ནས་ཆིབས་གྲུའི་བརྒྱུད་རང་དགོན་༧གདན་ས་སྨན་རི་རུ་ཞབས་སོར་བདེ་བར་འཁོད།

༧ གདན་ས་སྨན་རིའི་གྲྭ་བཙུན་རྣམས་སྤྱི་ཚེས་ ༦ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་མེ་འཁོར་འབབ་ཚུགས་ནས་མེ་འཁོར་བརྒྱུད་སྤྱི་ཚེས་ ༨ ཉིན་རང་དགོན་དུ་འབྱོར་འཆར་ཡོད་པའི་གནས་ཚུལ་མདོར་བསྡུས་སུ།