གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ལས་བོད་ཆུ་ཡོས་ལོའི་བོད་ཟླ་ ༤ པའི་བགྲོ་གླེང་།

དེ་ཡང་༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་སོ་སོའི་རྣམ་དཔྱོད་དང་སྦྱོང་བརྩོན་གྱི་རྩལ་ལས་གྲུབ་པའི་ཤེས་བྱའི་དཔལ་ཡོན་དེ་དག་བཤད་རྩལ་གྱི་ལམ་ནས་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་དང་སྦྱོང་བརྡར་དུ་དམིགས་ཏེ། བཤད་སྒྲུབ་འདུས་སྡེའི་ཟླ་རེའི་བགྲོ་གླེང་ཞེས་བཤད་ཁྲིད་གླེང་སྟེགས་ཆེན་མོ་ཞིག་གཏན་འབེབ་གནང་བ་བཞིན།  གཏམ་བཤད་ཀྱི་བརྗོད་གཞི་སློབ་གཉེར་བ་སོ་སོའི་རང་མོས་ལྟར་བདམ་ཐོག་དཔྱད་རྩོམ་སྤེལ་ཞིང་བགྲོ་གླེང་གནང་སྲོལ་ཡོད་པ་དང་། དེ་ཡང་ཚོགས་ཐེངས་རེར་གཏམ་བཤད་པ་འཛིན་གྲྭ་རྒན་གཞོན་བར་གསུམ་ནས་སློབ་གཉེར་བ་རེ་རེ་བཅས་མི་གསུམ་རེ་དང་། མི་རེར་གཏམ་བཤད་ཀྱི་དུས་ཡུན་སྐར་མ་བཅོ་ལྔ་དང་། དེ་འབྲེལ་གྱི་དྲི་བ་དྲིས་ལན་སྐར་མ་ ༡༥ རེ་གནང་དང་གནང་མུས་ལྟར།

དེ་རིང་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠ ༥ པའི་སྤྱི་ཚེས་ ༢༡ དང་། བོད་ཟླ་ ༠༤ པའི་བོད་ཚེས་ ༠༢ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༠༥ : ༣༠ ཐོག གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དབུ་བཞུགས་ཐོག བཤད་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག་དང་། བཤད་སྡེའི་དགེ་རྒན་རྣམ་པ། དེ་བཞིན་བླ་གྲྭ་དགེ་བཤེས་གང་མང་མཉམ་ཞུགས་ཐོག རིག་གནས་འགན་འཛིན་རིན་ཆེན་བློ་གྲོས་ཀྱིས་གཙོ་སྐྱོངས་གནང་སྟེ། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བོད་ཆུ་ཡོས་ལོའི་བོད་ཟླ་བ་ ༤ པའི་བགྲོ་གླེང་དབུ་འཛུགས་གནང་བ་དང་།

དེ་ཡང་གཏམ་བཤད་པ་དང་པོ་བཀའ་རམས་པ་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱིས། 《རུ་ལག་གཡུང་དྲུང་གླིང་གི་བསྟན་པའི་སྲོག་འཛིན་དགེ་སློང་ཤེས་རབ་བསྟན་འཛིན་དཔལ་བཟང་པོའི་རྣམ་ཐར་རགས་ཙམ་བཤད་པ།》ཞེས་པའི་བརྗོད་གཞིའི་ཐོག ༡ སྐུ་སྐྱེ་བ་མི་རུ་བཞེས་ཚུལ། ༢ ཁྱིམ་སྤངས་རབ་ཏུ་བྱུང་ཚུལ། ༣ བསྟན་འགྲོའི་དོན་མཛད་ཚུལ།  ༤ སྐུ་མི་རྟག་པའི་ཚུལ་བསྟན་ཚུལ། བཅས་སྡེ་ཚན་བཞིའི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲིས་ལན་གནང་ཡོད་པ་རེད།

དེ་རྗེས་རྫོགས་ཆེན་འཛིན་གྲྭའི་སློབ་གཉེར་བ་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱིས་《ཁམས་ཆེན་དང་དེའི་འགྲེས་རྐང་ལས་འཕྲོས་པའི་གཏམ།》ཞེས་པའི་བརྗོད་གཞིའི་ཐོག སྡེ་ཚན་དང་པོ། མྱང་འདས་ཀྱི་འདྲེས་རྐང་ལ་བབ་འཛེག་བྱུང་བ་དེ། དགོངས་པ་ཅན་དུ་འདོད་པ་དང་། ལྷག་ཆད་དུ་འདོད་པ་གཉིས་ཀྱིས་བཞེད་པ་ངོས་འཛིན་པ། སྡེ་ཚན་གཉིས་པ། དགོངས་པ་ཅན་དང་ཆད་ལྷག་ཏུ་འདོད་པའི་གང་ཟག་དང་དེའི་རྗེས་འབྲང་ངོས་བཟུང་བ། སྡེ་ཚན་གསུམ་པ། ད་ལྟ་མཇལ་ཡུལ་དུ་བཞུགས་པའི་ཁམས་བརྒྱད་ཀྱི་མྱང་འདས་འགྲེས་རྐང་དྲུག་ཅུ་རེ་ཡོད་པ་དེ་སུས་ཁ་བསྣོན་བྱས་པར་བསྟན་པ། སྡེ་ཚན་བཞི་པ། ཁམས་ཆེན་ལ་འབུམ་དང་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ཞེས་པའི་མཚན་ལ་དཔྱད་དགོས་པ་བསྟན་པ་ཞེས་སྡེ་ཚན་བཞིའི་སྒོ་ནས་གཏམ་བཤད་དང་། དྲི་བ་དྲི་ལན་གནང་ཡོད་པ་རེད།

གཏམ་བཤད་པ་གསུམ་པ་ཕར་ཕྱིན་སྐབས་དང་པོའི་སློབ་གཉེར་བ་འབྲས་ལྗོངས་ཉི་མ་བསྟན་པ་ལགས་ཀྱིས་《གཡུང་དྲུང་བོན་ལུགས་ཀྱི་ཡོན་ཆབ་འབུལ་ཚུལ་སྐོར།》ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དང་། དང་པོ། ཡོན་ཆབ་ཅེས་པའི་གོ་དོན། གཉིས་པ། ཡོན་ཆབ་བཤམ་ཚུལ་གང་འདྲ་ཡིན་མིན་སྐོར། གསུམ་པ། ཡོན་ཆབ་བཤམ་དུས་འདོན་པ་གང་ཞིག་འདོན་དགོས་པ། བཞི་པ། ཡོན་ཆབ་བསྡུ་ཚུལ་དང་དེའི་སྐབས་འདོན་པ་གང་ཞིག་འདོན་དགོས་མིན་སྐོར་བཅས་སྡེ་ཚན་བཞི་རུ་ཕྱེས་ཏེ་གཏམ་བཤད་དང་། དེ་རྗེས་དྲི་བ་དྲི་ལན་སྐར་མ ་༡༥ གནང་མཐར་། ཕྱི་དྲོའི་དུས་ཚོད་ ༠༧ པའི་ཐོག་བོད་ཆུ་མོ་ཡོས་ལོའི་བོད་ཟླ་ ༤ པའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆར་ཅན་གྱི་བགྲོ་གླེང་མཇུག་གྲུབ་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ། 2023/05/21