གཡུང་དྲུང་བོན་གྱི་དྲྭ་རྒྱ།

གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་སྐྲུན་ཞུས་ཟིན་པའི་ཕྱག་དཔེ་དག་གི་དཀར་ཆག་བསྡུས་པ།

༄༅། །༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ངོས་ནས་༸སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བླ་ན་མེད་པའི་བཀའ་སློབ་ལམ་སྟོན་འོག ༢༠༠༢ ལོ་ནས་ད་བར། ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་སྐབས་སོ་སོའི་རྒྱུན་ལས་རྣམས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་ཞབས་ཕྱི་དང་། བོད་ཁ་བ་གངས་ཅན་པའི་རིག་གནས་རླབས་པོ་ཆེའི་ཚེ་སྲོག་གི་གསོས་སུ་དམིགས་ཏེ། བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ལུགས་ཁག་གཙོར་བྱས་པའི་དཔེ་དེབ་གྲངས་བདུན་ཅུ་ལྷག པར་སྐྲུན་བྱས་ཏེ་གདན་ས་འདིའི་སློབ་གཉེར་བ་བྱིངས་དང་། ལྷག་པར་དུ་རྒྱལ་ཕྱི་ནང་གི་དོན་གཉེར་ཅན་དུ་མ་ཞིག་ལ་སྐོམ་པ་ཆུ་འཕྲད་ཀྱི་དགོས་ཕན་བླ་མེད་ཞིག་བྱུང་ཡོད་པ་ནི་བཤད་མ་དགོས་ལ། འདིར་གུས་པས་དཔེ་ཆ་དེ་དག་གི་དཀར་ཆག་མདོར་བསྡུས་ཀྱི་རེའུ་མིག་འདི་བཞིན་འབྲི་དགོས་དོན་ནི། གཅིག་ནས་དཔེ་དེབ་དེ་དག་གི་ཁྲོད་དུ་མཁས་པ་མི་འདྲ་བའི་གསུང་རྩོམ་ཁག་ཁ་ཤས་མཉམ་དུ་བསྡུས་ཏེ་དཔེ་དེབ་གཅིག་ཏུ་བྱས་པ་མི་ཉུང་བ་ཞིག་ཡོད་འདུག་པ་དེ་དག་གསལ་སྟོན་གང་ཐུབ་བགྱིས་ཏེ། དོན་གཉེར་ཅན་དག་ལ་འཚོལ་བདེ་ཡོང་བ་དང་། གཉིས་ནས་པོད་ཨང་དང་། དཔར་ལོ། དཔེ་ཆའི་མཚན་བྱང་སོགས་གསལ་ཁ་སྟོན་པས། བཤད་སྡེས་དཔེ་སྐྲུན་ཞུས་པའི་དཔེ་ཆ་གང་ཞིག་འཚོལ་སྐབས་པོད་ཨང་གང་དུ་ཡོད་མེད་དང་། ལོ་གང་ལ་དཔར་ཡོད་མེད་ཀྱི་ཐོག་ནས་འཚོལ་སླ་བོ་ཡོང་ཕྱིར་དུ་དམིགས་པ་ཞིག་ཀྱང་ཡིན། གསུམ་ནས་བཤད་སྡེའི་རྒྱུན་ལས་རྣམས་ཀྱིས་འདི་ལྟར་དཔེ་ཆ་ཕོན་ཆེན་དཔར་སྐྲུན་ཞུ་ཐུབ་པར་བྱུང་བ་ནི། བསྟན་པ་དང་ཤེས་རིག་ལ་གཞོག་འདེགས་ཀྱི་བྱས་རྗེས་བླ་ན་མེད་པ་ཞིག་ཡིན་པར་ངོས་འཛིན་གྱི་ཡི་རང་མཚོན་བྱེད་ཞིག་ཀྱང་ཡིན་ཞེས་ཞུའོ།། །།    ཞེས་རག་བཙུན་དྲུང་ཉིས། ༢༠༢༣ ཟླ་བ་ ༥ ཚེས་༢ ཉིན།