གཡུང་དྲུང་བོན་གྱི་དྲྭ་རྒྱ།

གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་བཞི་པའི་སྨན་པ་དཀའ་བཅུ་པའི་ཐོན་རྒྱུགས་དང་། ལོ་རིམ་གཞན་པ་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་མཇུག་གྲུབ་པ།

  

ཕྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༢༤ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༠༩ པའི་ཐོག་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་གི་སྐབས་བཞི་པའི་སྨན་པ་དཀའ་བཅུ་པའི་ལོ་འཁོར་ཐོན་རྒྱུགས་ཆེན་མོ་དངོས་སུ་དབུ་འཛུགས་གནང་ཡོད་པ་དང་དེ་རིང་ཕྱི་ལོ་༢༠༢༣ ཟླ་ ༠༥ ཚེས་ ༢༤ ལ་མཇུག་སྒྲིལ་ཡོད་པ་རེད་འདུག

དེ་ཡང་རྩ་བའི་བླ་མ་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་ནས་༢༠༡༤ ལོར་བོན་གཞིས་ཐོབ་རྒྱལ་གསར་པར། “གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་”ཞེས་གསོ་བ་རིག་པའི་ཡང་མེས་བདུད་རྩི་སྨན་གྱི་གཞུང་ཆེན་གསོ་རིག་འབུམ་བཞི་དེ་ཉིད་སློབ་ཚན་གཙོར་བཞག་བྱས་པའི་སྨན་རྩིས་མཐོ་སློབ་ཁང་ཞིག་གསར་དུ་བཙུགས་གནང་ཞིང་། རིམ་བཞིན་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་དང་དགེ་རྒན་སོགས་བསྐོ་གཞག་མཛད་ནས་མཐོ་སློབ་ཀྱི་སྒྲིག་གཞི་གཏན་ལ་ཕབ་སྟེ། དབུས་བོད་ཀྱི་ཆེས་མཐོའི་གསོ་བ་རིག་པའི་ལྷན་ཚོགས་ནང་ཁྲིམས་མཐུན་དེབ་སྐྱེལ་མཛད་ཡོད་པ་དང་། ད་བར་མཐོ་སློབ་འདི་ནས་སྨན་པ་བཀའ་བཅུ་བ་ཐེངས་གསུམ་ཐོན་ཟིན་ཡོད་ལ།

འདི་ལོར་ཡང་སྤྱི་ཟླ་ ༤ པའི་ཚེས་ ༢༤ ནས་སྐབས་བཞི་པའི་སློབ་ཐོན་སློབ་མ་གསུམ་གྱི་ཐོན་རྒྱུགས་དབུ་འཛུགས་གནང་ཡོད་པ་དང་། སྤྱི་ཟླ་ ༥ པའི་ཚེས་ ༡༥ ནས་ལོ་རིམ་གཞན་པའི་སློབ་མ་དག་གི་ལོ་འཁོར་ཡིག་རྒྱུགས་དབུ་འཛུགས་གནང་སྟེ་དེ་རིང་སྤྱི་ཟླ་ ༥ པའི་ཚེས་༢༤ ཉིན་ སྐབས་བཞི་པའི་སྨན་པ་དཀའ་བཅུ་པའི་ལོ་འཁོར་ཐོན་རྒྱུགས་ཆེན་མོ་དང་། སློབ་མ་གཞན་རྣམས་ཀྱི་ལོ་འཁོར་ཡིག་རྒྱུགས་ཡོངས་སུ་འཇུག་གྲུབ་པ་ཡོད་པ་རེད།  

 དེ་ཡང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་བཞིན་ལྷན་ཚོགས་ནས་ཆེད་ལས་སྨན་པ་ཐུབ་བསྟན་ཀུན་འཕེལ་མཆོག་འདི་ལོའི་ལོ་འཁོར་ཐོན་རྒྱུགས་ཆེན་མོར་ཟུར་དཔང་རྟོགས་ཞིབ་ཏུ་ཆེད་ཕེབས་བཀའ་དྲིན་བསྐྱངས་ཐོག མཐོ་སློབ་ཀྱི་དབུ་འཛིན་དང་དགེ་རྒན་རྣམ་པས་ཡིག་རྒྱུགས་གཟིགས་ཞིབ་གནང་ཡོད་པ་རེད།

དེ་ཡང་སྨན་ཕྲུག་རྣམས་ནས་ལོ་འཁོར་ཐོན་རྒྱུགས་ཆེན་མོའི་རྒྱུགས་གཞུང་ལ། རྩ་བ་ཐུགས་འབུམ་མཁའ་སྔོན་གྱི་བྲིས་རྒྱུགས་གཉིས་དང་། དཔྱད་འབུམ་ཁྲ་བོའི་བྲིས་རྒྱུགས་བཞི། སྨན་འབུམ་དཀར་པོའི་བྲིས་རྒྱུགས་གཉིས། ནད་འབུམ་ནག་པོའི་བྲིས་རྒྱུགས་བཞི། སྨན་གྱི་ངག་རྒྱུགས། ངོས་འཛིན་སྨན་གྱི་ལག་ལེན་བཅས་རྒྱུགས་འབུལ་གནང་དགོས།

གཞན་ཡང་རྒྱུད་ལམ་འདིའི་བརྒྱུད་ནས་མཐོ་སློབ་འགན་འཛིན་དགེ་བཤེས་ཚེ་དབང་རྣམ་རྒྱལ་མཆོག་ནས། སྒྲིག་གཞིའི་དགོངས་དོན་བཞིན། རྒྱུགས་གཞུང་དེ་དག་གི་དྲི་ཤོག་བཟོ་སྐྲུན་དང་། དྲི་ཤོག་ཨང་ཐོབ་ཞིབ་བཤེར་བཅས་ལ་ཕྱག་རོགས་བཀའ་དྲིན་སྐྱོང་གནང་མཁན་བལ་ཡུལ་སྔར་སྲོལ་གསོ་རིག་འབུམ་བཞིའི་དབུ་འཛིན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་དང་། ཕྱག་རོགས་གནང་མཁན་ཀུན་ལ་འདི་གའི་དགེ་ལས་ཡོངས་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་གསུངས་སོང་།