གཡུང་དྲུང་བོན་གྱི་དྲྭ་རྒྱ།

༸གདན་ས་སྨན་རིའི་གླིང་གི་བོད་ཟླ་ ༤ པའི་༸རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་གྲུབ་པ།

དེ་ཡང་ཇི་སྐད་དུ། མདོ་ལས།“མདོ་སྡེ་དམ་པ་འདི་དག་ནི། བྲིས་ཤིང་འཆང་ངམ་ཀློག་པའམ། བཀུར་སྟི་ཞེ་ས་རིམ་འགྲོ་ཀུན་གྱིས་འཚལ། དགེ་བ་དེ་ཉིད་བསོད་ནམས་ཀྱིས། ཁམས་གསུམ་ཡོངས་ལ་ཁྱབ་པར་འགྱུར། ཁྱབ་པའི་ཐུགས་རྗེ་དེ་ཉིད་ ཀྱིས། ངན་སོང་འཁོར་བ་དོང་སྤྲུག་འགྱུར།”ཞེས་དང་། ”མདོ་སྡེ་འདི་དག་བྲིས་སམ་ཀློག་པ་ཡིས། ཡོན་ཏན་བྱིན་རླབས་བསོད་ནམས་ཐུགས་རྗེ་བསམ་གྱིས་མི་ཁྱབ་སྟེ་བསྲང་དུ་མ་མཆིས་སོ། །བགྲང་དུ་མེད་པ་ལྟར་ན་ཀུན་ཁྱབ་བྱིན་རླབས་ནི་ཡོངས་སུ་དེ་དང་འདྲའོ།”ཞེས་གསུངས་པ་བཞིན།

འདི་ག་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་འདུས་མང་ཡོངས་ནས། ལོ་རེའི་འཆར་ཅན་ལྟར། བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་བོད་ཚེས་ ༡༤ དང་ ༡༥ ཉིན་གཉིས་ཀྱི་རིང་ཚེ་ལོ་བརྒྱ་པའི་མགོན་པོ་སྟོན་པ་རྣམ་འདྲེན་བརྒྱད་པ་༸རྒྱལ་བ་གཤེན་རབ་མི་བོའི་བཀའ་རིན་པོ་ཆེ་ལྗགས་ཀློག་གནང་སྲོལ་ཡོད་པ་བཞིན།

འདི་ལོ་བོད་ཆུ་ཡོས་ལོའི་བོད་ཟླ་ ༤ པའི་ཚེས་པ་ ༡༤ དང་ ༡༥ སྟེ་ཉིན་གཉིས་ཀྱི་རིང༌། ༧དཔལ་གཤེན་བསྟན་སྨན་རིའི་ཚོགས་ཁང་དུ་བླ་གྲྭ་འདུས་མང་ཡོངས་ནས་༸རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་གནང་ཡོད་པ་དང། 

གཞན་ཡང་གོང་ཚེས་ལྟར་ཉིན་གཉིས་ཀྱི་རིང་བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ་རྣམས་ནས་ཀྱང་༧རྒྱལ་བའི་བཀའ་རིན་པོ་ཆེ་ལྗགས་ཀློག་དང་། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་དུ་བོན་གཞིས་མི་མང་གང་མང་འདུ་འཛོམས་ཀྱིས་༸རྒྱལ་བའི་བཀའ་རིན་པོ་ཆེ་ལས་ཁམས་ཆེན་པོ་བརྒྱད་ཀྱི་གསུང་རབ་ལྗགས་ཀློག་གནང་ཡོད་པ་རེད།

 དེ་རིང་བོད་ཚེས་ ༡༥ ཉིན་གྱི་ཕྱི་དྲོར། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དབུས། སེར་སྐྱ་མི་མང་ཀུན་གྱིས་བཀའ་དང་བརྟེན་པའི་གསུང་རབ་ཕྲག་ཏུ་བསྣམས་ཏེ་ངན་སོང་དོང་སྤྲུགས་ཀྱི་སྙིང་པོ་དབྱངས་སུ་གྱེར་བཞིན་དགོན་པའི་གླིང་སྐོར་གྲུབ་མཚམས། འདུས་མང་ཡོངས་ནས་སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་ཏེ་བོད་ཆུ་ཡོས་ལོའི་བོད་ཟླ་བཞི་པ་ས་ག་ཟླ་བའི་བཀའ་འགྱུར་ལྗགས་ཀློག་གྲུབ་པར་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་སྤེལ།