གཡུང་དྲུང་བོན་གྱི་དྲྭ་རྒྱ།

གདན་ས་སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདུས་སྤྱི་ནས་ཞིང་གཤེགས་དམ་པ་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་མང་ཇ་དང་། ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་འཚམ་འཕྲིན་བསྩལ་གནང་བ།

གདན་ས་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདུས་སྤྱི་ནས་ཞིང་གཤེགས་དམ་པ་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་གི་ཞེ་དགུའི་རིང་དགོངས་རྫོགས་མཆོད་འབུལ་མང་ཇ་དང་། ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་འཚམ་འཕྲིན་བསྩལ་གནང་བ།

དེ་ཡང་ཉེ་ཆར་ ༢༠༢༣ སྤྱི་ཟླ་ ༥ པའི་ཚེས་ ༣༠ ཉིན་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསྟན་འཛིན་ཕུན་ཚོགས་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་༧རྒྱལ་བ་སྨན་རིའི་བླ་བྲང་དང་སྨན་རིའི་གྲྭ་ཚང་ནས་མཆོད་འབུལ་སྨོན་ལམ་དང་། དེ་བཞིན་ ༧ སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་འཚམ་འཕྲིན་བསྩལ་གནང་ཡོད་པ་དང་།

དམ་པ་གང་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་ས་ལམ་གྱི་བར་ཆད་ཞི་ཕྱིར། ད་བར་དགོངས་རྫོགས་ཀྱི་ཞེ་དགུའི་བདུན་ཚིགས་རྣམས་སུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། སྨན་རིའི་བཤད་སྒྲུབ་སློབ་དཔོན་མཆོག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདུས་སྤྱི་གཙོས་པའི་བླ་གྲྭ་དགེ་བཤེས་གང་མང་ཞིག་གིས་ཞེ་དགུའི་རིང་དགེ་འདུན་འདུས་པ་རྒྱ་མཚོར་སྨོན་ལམ་མང་ཇ་སོགས་ཀྱི་མཆོད་འབུལ་གང་མང་གནང་ཡོད་པ་དང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འདུས་སྤྱི་ནས་ཞིང་གཤེགས་དམ་པ་གང་གི་ས་ལམ་ཉམས་རྟོགས་ཀྱི་བར་ཆད་ཡོངས་སུ་ཞི་ཕྱིར་ཞེ་དགུ་མ་རྫོགས་ཀྱི་བར་བདུན་ཚིགས་ནམ་ཡིན་ལ་མཆོད་འབུལ་སྨོན་ལམ་མང་ཇ་འཚོགས་གནང་རྒྱུ་ཡིན་པ་རེད་འདུག་ལ།

ད་ལན་སྤྱི་ཟླ་ ༦ པའི་ཚེས་པ་ ༢༢ ཉིན་ཏེ། དམ་པ་ཉིད་ཀྱི་དགོངས་རྫོགས་ཞེ་དགུའི་བདུན་ཚིགས་བཞི་པ་དང་འབྲེལ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་དགེ་འདུན་འདུས་མང་ལ་སྨོན་ལམ་མང་ཇ་དང་སྐུ་འགྱེད་གསོལ་བསྩལ་གནང་ཡོད་པ་དང་། དེ་བཞིན་བཤད་སྒྲུབ་འདུས་སྡེའི་ངོས་ནས་ཀྱང་བཤད་སྡེའི་ཚོགས་ཁང་དུ་དམ་པ་གང་གི་སྐུ་པར་སྒྲིག་བཤམས་ཀྱིས་བདུན་ཚིགས་བཞི་པའི་མཆོད་འབུལ་མང་ཇ་དང་། མར་མེའི་མཆོད་པ་སོགས་ཕུལ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས།