གཡུང་དྲུང་བོན་གྱི་དྲྭ་རྒྱ།

ཡིད་སྐྱོ་བའི་གནས་ཚུལ།

ཉེ་ཆར་སྤྱི་ལོ་ ༢༠༢༣  ལོའི་སྤྱི་ཟླ་ ༥ པའི་ཚེས་ ༣༠ ཉིན་༸སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་ཤེས་རབ་བསྟན་འཛིན་ཕུན་ཚོགས་མཆོག་གློ་བུར་དུ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག  

དེ་ཡང་གོང་ཚེས་ཉིན་༸སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་ཤེས་རབ་བསྟན་འཛིན་ཕུན་ཚོགས་མཆོག  སྔར་གྱི་སྙུང་གཞིས་རྐྱེན་བྱས་ཏེ་སྤྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༣༠ དང་། བོད་ཟླ་ ༤ པའི་ཚེས་ ༡༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ དང་ཕྱེད་ཙམ་ལ་གཟིམས་ཆུང་འོད་ཟེར་འབར་བ་རུ་གློ་བུར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་ཕྲལ། ༸གདན་ས་སྨན་རིར་གནས་བཞུགས་དགེ་བཤེས་རྣམ་པ་ལྷན་འཛོམས་ཀྱིས་སྨན་རིའི་སྐུ་གདུང་ཁང་དུ་ཞི་ཁྲོ་བར་དོའི་ཐོས་གྲོལ་གསུངས་གནང་། བོད་ཟླ་ ༤ པའི་ཚེས་ ༡༡ ཞོགས་པར་༸སྐྱབས་རྗེ་སྨན་རིའི་བླ་བྲང་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་མཚོན། ཞིང་གཤེགས་དགེ་བཤེས་ཉིད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་འདུས་མང་ཡོངས་ལ་སྨོན་ལམ་མང་ཇ་རྒྱས་འབུལ་གནང་ཡོད་པ་རེད། 

༸སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་ཤེས་རབ་བསྟན་འཛིན་ཕུན་ཚོགས་མཆོག་ནི།  མི་དབང་སྡེ་དགེ་རྒྱལ་པོའི་མངའ་རིས་ཀྱི་ལྷོ་སྡེ་སྲིབ་འབྲོག་ཁག་ལྔ་ཡི་ནང་ཚན། ཡི་སྨད་རའུ་གུག་ཏུ། ཡབ་རྫི་བོ་འཆི་མེད་རྡོ་རྗེ་དང་། ཡུམ་ཨ་ཏི་བཟའ་མཚོ་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༦༨ ས་སྤྲེལ་ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ཞང་པོ་ཅ་ཤུལ་པད་མ་འོད་ཟེར་གྱི་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་གཉིས་ལ་སྦྱངས་པ་མཛད། སྤྱི་ལོ་ ༡༩༨༧ ལོར་རྒྱ་གར་དུ་ཕེབས་ཤིང་། སྤྱི་ལོ་ ༡༩༨༨ ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གདན་ས་ཆེན་མོ་༸སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་སྐུ་མདུན་ནས་རབ་བྱུང་གི་སྡོམ་ཁྲིམས་མནོས་ཤིང་། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ། ༸སྐྱབས་རྗེ་༸ཁྲི་འཛིན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ། དེ་བཞིན་༸སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་སོགས་ཀྱིས་གཙོས་པའི་བཤེས་གཉེན་དུ་མའི་ཞལ་སྔ་ནས་ཐུན་མོང་རིག་གནས་ཀུན་ལ་སྦྱངས་པ་དཔྱིས་ཕྱིན་མཛད་ཅིང་། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་མཚན་ཉིད་རིག་པའི་གཞུང་ལུགས་ཐོག་མར་བསྡུས་གྲྭ་ནས་རིམ་གྱིས་རྟགས་རིགས་དང་། ཚད་མ། ཐེག་རིམ། ས་ལམ། ཤེར་ཕྱིན། དབུ་མ། འདུལ་བ་སོགས་འདུལ་བ་མདོའི་ཕྱོགས་དང་། དེ་བཞིན་གསང་བ་སྔགས་ཀྱི་གཞུང་ཆེན་ཁག་དང་། བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་དང་བཅས་པར་མཁས་པའི་བྱ་བ་གསུམ་གྱིས་གསན་སྒོམ་མཐའ་རུ་ཕྱིན་པར་མཛད། སྐབས་དེའི་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་དང༌། གཉེར་པ། དྲུང་ཡིག ཚོགས་གཞོན། ཚོགས་གཙོ་སོགས་ཀྱི་སྐུ་འགན་ཡང་རིམ་པར་བཞེས་པ་སོགས་དེ་དུས་ནས་ཀྱང་བསྟན་པར་སྨན་པའི་ཞབས་འདེགས་བསྟུད་མར་ཞུས། མཐར་སྤྱི་ལོ་ ༢༠༠༠ ལོར་བསླབ་པ་ཡོངས་སུ་མཐར་སོན་ཏེ། ༸སྐྱབས་རྗེ་སྨན་རིའི་མཁན་སློབ་ཉི་ཟླ་ཟུང་གིས་བཀའ་རབ་འབྱམས་པའི་མཚན་བཏགས་བཞེས་ཆོག་གི་བཀའ་ཁྲོལ་འོག་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་གནས་ལྷུར་བཞེས་མཛད། སྤྱི་ལོ་ ༢༠༠༡ ལོ་ནས་མཁན་སློབ་ཉི་ཟླ་ཟུང་གི་བཀའ་དགོངས་ལྟར་ལོ་ངོ་གཉིས་ཀྱི་རིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཚན་ཉིད་རྒན་ལགས་ཀྱི་ཐུགས་འགན་བཞེས། སྤྱི་ལོ་ ༢༠༠༦ ལོར་གདན་ས་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོར་ཁྲི་བཞེངས་གནང་། 

དེ་རྗེས་སྤྱི་ལོ་ ༢༠༠༧ ལོར་ཕ་གཞིས་གངས་ཅན་གྱི་ཞིང་དུ་ཆིབས་བསྒྱུར་གནང་ཞིང་། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་ཕྱག་བཏབས་རྟེན་འབྲེལ་གྱི་ཤིས་པ་ལེགས་པར་གསུངས་པའི་དགོན་སྡེ། “བླ་ཁྲི་གཡུང་དྲུང་བོན་གཡུ་རིའི་བཤད་སྒྲུབ་གླིང་”འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་འགན་བཞེས་ཏེ་དགོན་དེའི་མཁན་པོ་དང་དཔོན་སློབ་གཅིག་ཅོག་གནང་།  ༢༠༠༨ ས་བྱི་ལོར་གཡུ་རི་བཤད་སྒྲུབ་སློབ་གླིང་གི་བཤད་གྲྭ་གསར་བཙུགས་གནང་ཞིང་། ༢༠༢༠ ལྕགས་བྱི་ལོར་སྐབས་དང་པོའི་དགེ་བཤེས་དང་། ༢༠༢༡ ལོར་དགེ་བཤེས་སྐབས་གཉིས་པ་ཐོན་ཟིན་ཞིང་། འདི་ལོར་སྐབས་གསུམ་པའི་དགེ་བཤེས་མཛད་སྒོ་འཚོགས་རྒྱུ་ཡིན་འདུག་ཀྱང་། ཉེ་ཆར་སྤྱི་ལོ་ ༢༠༢༣ ཟླ་ ༥ པའི་ཚེས་ ༣༠ དང་། བོད་ཟླ་ ༤ པའི་ཚེས་ ༡༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ དང་ཕྱེད་ཙམ་ནས་སྔར་གྱི་སྙུང་གཞིས་རྐྱེན་བྱས་ཏེ་གཟིམས་ཆུང་འོད་ཟེར་འབར་བ་རུ། སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། དགོངས་པ་བོན་དབྱིངས་སུ་ཐིམ་ཡོད་པ་བཅས་ཀྱི་གནས་ཚུལ་དུ། གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས། ༢༠༢༣།  ༦། ༤ ཉིན།  མཛད་རྣམ་འདི་བོན་སྒོ་ལོ་དེབ་ ༡༩ པ་ལས་བཏུས་ཤིང་། བོད་ལ་ཕེབས་རྗེས་ཀྱི་མཛད་པའི་སྐོར་འབྲེལ་ཡོད་རྣམས་ལ་བཀའ་འདྲི་ཞུས་ཏེ་བཀོད་པའོ།