གཡུང་དྲུང་བོན་གྱི་དྲྭ་རྒྱ།

བོད་ཆུ་ཡོས་ལོའི་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་ཕྱེད་ཡིག་རྒྱུགས་ཆེན་མོ་མཇུག་གྲུབ་པ།

པར་པ། དགེ་བཤེས་ཚེ་དབང་རྣམ་རྒྱལ།

དེ་ཡང་༸གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་འདིར་ ༡༩༧༨ ལོར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཙོས། ཐུན་མོང་དང་ཐུན་མིན་གྱི་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་གནང་ཆེད་༸གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་བཙུགས་ནས་རིམ་བཞིན་ཡར་རྒྱས་དང་ཚགས་ཚུད་གང་ལེགས་བཏང་ཞིང་། བར་ལམ་ནས་དགེ་དགོས་དུ་མར་གཟིགས་ཏེ་དེང་དུས་སློབ་གྲྭ་སྤྱིའི་ལམ་ལུགས་ལྟར་ཡིག་ཚད་དམ་རྒྱུགས་སྤྲོད་ཀྱི་ལམ་སྲོལ་གསར་འཛུགས་བྱས། དེ་ཡང་ལོ་རེར་ཟླ་དྲུག་སྔ་ཕྱིའམ་ལོ་ཕྱེད་དང་ལོ་འཁོར་གྱི་ཡིག་རྒྱུགས་གཉིས་རེ་བཏང་གནང་གི་ཡོད་པ་བཞིན།

འདི་ལོ་སྟེ་གཤེན་གྱི་འབྱུང་ལྡན་ ༣༠༡ བོད་རྒྱལ་ལོ་ ༣༡༦༠ ཆུ་མོ་ཡོས་ལོའི་སྨན་རིའི་བཤད་སྒྲུབ་སློབ་གཉེར་བ་དང་། བཙུན་དགོན་རདྞ་སྨན་གླིང་གི་བཤད་སྒྲུབ་སློབ་གཉེར་བ། དེ་བཞིན་སྨན་རིའི་གཞི་རིམ་སློབ་གཉེར་བ་བཅས་ཀྱི་ལོ་ཕྱེད་ཡིག་རྒྱུགས་དེ་ཉིད་བོད་ཟླ་ལྔ་པའི་ཚེས་གནམ་སྟོང་དང་། དྲུག་པའི་ཚེས་གཅིག་སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༧ པའི་ཚེས་ ༡༧ དང་ ༡༨ ཉིན་གཉིས་ཀྱི་རིང་སྨན་རིའི་འཆམ་རར་བཏང་གནང་ཡོད་པ་རེད།

དེ་ཡང་ཡིག་རྒྱུགས་གཏོང་ཕྱོགས་ཐད་སྨན་རིའི་དཔལ་ལྡན་བླ་སྤྱི་དབུས་སྨན་རིའི་དགེ་བཤེས་དག་གིས་ཐུགས་འགན་བཞེས་ཐོག རྒྱུགས་སྤྲོད་གཏང་ཕྱོགས་གསལ་བསྒྲགས་སྔོན་སོང་ལྟར། འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་སྤེལ་མར་བཞུགས་གྲལ་དུ་འཁོད་དགོས་པ་དང་། དེ་ཡང་རྒྱུགས་རར་བྲིས་གདན་དང་ཕྱག་སྨྱུག་མ་གཏོགས་། གཞན་ཤོག་རིགས་སོགས་འཁྱེར་མི་ཆོག་པ་དང་། རྒྱུགས་རར་འཛུལ་སྐབས་སློབ་གཉེར་རེ་རེ་བཞིན་ལུས་བཤེར་གྱིས་འཛུལ་དགོས་ཤིང་། རྒྱུགས་རར་སླེབས་རྗེས་ཐེངས་འདིའི་ཡིག་རྒྱུགས་ཆེད་སྤྱོད་ཤོག་བུ་འགྲེམ་སྤེལ་གྱིས་ཁ་ཁུ་སིམ་པའི་ངང་ཡིག་རྒྱུགས་སྒྲིག་གཞི་གཞིར་བཟུང་ཐོག་བཏང་ཡོད་པ་ཡིན།

ཉིན་དང་པོར་བཤད་སྒྲུབ་སློབ་གཉེར་བ་རྣམས་རྩ་གཞུང་དང་། ཉིན་གཉིས་པར་གཞུང་འགྲེལ་ཁག་གི་རྒྱུགས་སྤྲོད་ཡིན་ལ། གཞི་རིམ་སློབ་གཉེར་བ་རྣམས་སུམ་རྟགས་དག་གསུམ་དང་། དབྱིན་བོད་ཀྱི་སྐད་ཡིག་བཅས་འཛིན་རིམ་སོ་སོའི་སློབ་ཚན་ལྟར་རྒྱུགས་སྤྲོད་གནང་དགོས་ཀྱི་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

སྨན་རིའི་གླིང་གི་ཡིག་རྒྱུགས་གཏོང་ཕྱོགས་སྐོར་ལ་སྨན་རིའི་བཤད་སྒྲུབ་མཁན་ཟུར་དགེ་བཤེས་གཤེན་བསྟན་རབ་གསལ་ལགས་ཀྱིས་ངོ་སྤྲོད་གནང་བ།

རྩ་བའི་ལོ་གཅིག་གི་ནང་ལོ་ཕྱེད་ཡིགས་རྒྱུགས་དང་ལོ་འཁོར་ཆེན་མོའི་ཡིག་རྒྱུགས་གཉིས་ཡོད། དེ་གཉིས་ལ་རྩ་ཐོབ་ཨང་གྲངས་ངག་རྒྱུགས་ལ་ཨང་ཐོབ་ལྔ་བཅུ་དང་། འབྲི་རྒྱུགས་ལ་ལྔ་བཅུ། རྩོད་རྒྱུགས་ལ་ལྔ་བཅུ། རིག་གནས་ལ་བཞི་བཅུ་བཅས་ཁྱོན་བསྡོམ་ཨང་གྲངས་(༡༩༠)ཡོད། ཡིག་ཚད་གཏོང་བའི་ཟླ་དུས་ནི་ལོ་ཕྱེད་ཡིག་རྒྱུགས་བོད་ཟླ་ལྔ་པའི་ཚེས་ཉེར་ལྔ་ནས་གནམ་གང་བར་དང་། ལོ་འཁོར་ཡིག་རྒྱུགས་ཆེན་མོ་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ནས་ཉི་ཤུ་བར་ཁྱོན་བསྡོམ་ཉིན་གྲངས་བཅུ་ཡིན། ཡིག་རྒྱུགས་ལ་འབྲི་རྒྱུགས་དང་ངག་རྒྱུགས་རྩོད་རྒྱུགས་གསུམ་ཡོད། འབྲི་རྒྱུགས་ནི་གཏན་འབེབས་གཞུང་ཁྲིད་ཀྱི་རྒྱུགས་ཤོག་ཁག་དྲི་བ་རྣམས་ལ་ལན་འབྲི་གནང་རྒྱུ་དང་། ངག་རྒྱུགས་ནི་རང་ཉིད་གཞུང་ཁྲིད་གང་དུ་སླེབས་པའི་རྩ་གཞུང་དེའི་དྲི་བ་ཁག་ལས་ངག་ཐོག་ནས་རྩ་གཞུང་ལྟར་ཆད་ལྷག་མེད་པར་འབྲི་དགོས། ལོ་རིམ་དང་པོ་ཟླ་དྲུག་སྔ་མར་འབྲི་རྒྱུགས་མི་དགོས་ངག་རྒྱུགས་ནི་ཐུན་མོང་བསྡུས་གྲྭའི་སྤྱིར་བསྟན་ལས་མཚན་ཉིད་བརྒྱ་དང་ཉེར་ལྔ་ནང་གི་དྲི་བ་ཁག་ངག་ཐོག་ནས་རྒྱུགས་འབུལ་དགོས། ཟླ་དྲུག་ཕྱི་མའི་ངག་རྒྱུགས་ནི་རིག་ལམ་ཆེ་འབྲིང་ཆུངགསུམ་ལས་ས་བཅད་དང་བཤད་བྱའི་གཞུང་གི་སྡོམ་ཚིག་གི་དྲི་བ་ཁག་ལ་ལན་འབྲི་དགོས། རྩོད་རྒྱུགས་ནི་རྒྱུགས་སྤྲོད་གནང་སྟངས་མི་འདྲ་བ་ཁག་གཉིས་ཡོད། དང་པོ་ནི་ལོ་འཁོར་མའི་ནང་སྔོན་འགྲོ་དངོས་གཞི་གཉིས་བསྡོམ་གྱི་བདུན་རེའི་དམ་བཅའ་དྲུག་ལ་འབྱོར་ཐོ་མ་འཁོད་ཚེ་རྩོད་རྒྱུགས་མ་འཕྲོད་པ་དང་དེ་མིན་གྱི་ སློབ་གཉེར་བ་རྣམས་རྩོད་རྒྱུགས་འཕྲོད་པའི་ཐོབ་ཆའི་ཨང་གྲངས་སྤྲད་རྒྱུ་དང་། གཉིས་པ་ནི་ལོ་རིམ་སོ་སོའི་གཞུང་ཆེན་ཁག་ལས་དཀའ་གནད་དང་དགོས་པ་ཆེ་ཁག་ལས་ལོ་རིམ་རེར་དྲི་བ་བརྒྱད་ཅུ་ལས་མ་ཉུང་བར་བཟོ་སྐྲུན་གྱིས་ཟླ་བ་གཉིས་ཀྱི་སྔོན་སློབ་གཉེར་བའི་ཕྱག་ཏུ་བཀྲམ་ནས་བརྡར་ཤ་ལེགས་པར་གཅོད་དགོས་པ་ཟད་དངོས་གཞི་རྩོད་རྒྱུགས་སྐབས་སུ་དྲི་བ་དེ་དག་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་མདུན་ཅོག་ཐོག་ཤོག་སྒྲིལ་དུ་སྒྲིག་པ་ལས་སློབ་གཉེར་བ་སོ་སོས་བླངས་ནས་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་འབུལ་བཞེས་ཀྱི་སྒྲོགས་སྦྱོང་མཛད་པ་ལྟར་ཚད་གསུམ་ རིག་པའི་ལམ་ནས་རྩོད་པ་གནང་རྒྱུ་དང་རྩོད་པ་ལེགས་མིན་ལ་ལྟོས་ནས་ཨང་ཐོབ་སྤྲད་དགོས་པ་བཅས་ཡིན། ལོ་རིམ་སྤར་ཕྱོགས་ནི་རྩ་བའི་ཡིག་རྒྱུགས་ཀྱི་ཐོབ་ཆའི་ཨང་གྲངས་གཅིག་བརྒྱ་དགུ་བཅུ་ལོན་པ་མ་ཟད་ལོ་འཁོར་མའི་ནང་དཔེ་ཁྲིད་དང་འཆད་རར་སོ་སོར་ཉིན་གྲངས་བརྒྱ་ཆ་བདུན་ཅུ་ལོན་པ་དང་སྔོན་འགྲོ་དངོས་གཞི་གཉིས་བསྡོམ་གྱི་དམ་བཅའ་དྲུག་ལས་མང་བ་མ་ཆད་པའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་གསར་བསྒྲགས་བྱུང་བའི་སློབ་གཉེར་བ་རྣམས་ལོ་རིམ་གོང་སྤར་བྱ་རྒྱུ་དང་། དེ་ལྟ་བུར་ཆ་རྐྱེན་མ་ཚང་པའི་རིགས་རང་གནས་སུ་བཞུགས་རྒྱུ་ལས་ལོ་རིམ་གོང་སྤར་བྱ་མི་འོས། གཞན་ཡང་གསར་ཞུགས་པ་ཁག་གཅིག་ཚོགས་དང་འཆད་ར་དཔེ་ཁྲིད་སོགས་བརྒྱ་ཆ་འདེངས་མིན་ལ་མ་བལྟོས་པར་ལོ་རིམ་གོང་སྤར་ཆོག་པའི་དམིགས་གསལ་ཡོད་དེ་ཡང་འདི་ལྟར་དགོན་སྡེ་གཞན་དུ་མཚན་ཉིད་སྦྱོངས་མྱོང་ཡོད་པ་གང་ཞིག་རང་གི་སློབ་ཚན་དང་འབྲེལ་བའི་འདིར་ལོ་རིམ་ཁག་ཏུ་འཛུལ་ཞུགས་བྱ་འདོད་ཡོད་རིགས། བསྡུས་གྲྭ་ནས་བཟུང་རང་ཉིད་འཛུལ་ཞུགས་བྱ་འདོད་ཡོད་པའི་ལོ་རིམ་ཁག་གི་གཏན་འབེབས་ཀྱི་ཡིག་ཆ་ལས་ངག་རྒྱུགས་དང་འབྲི་རྒྱུགས་བཅས་རྒྱུགས་འབུལ་བཞེས་རྒྱུ་དང། དེའང་གལ་ཏེ་ལོ་རིམ་འོག་མའི་ཁྲིད་གཞུང་གང་ཞིག་རྒྱུགས་མ་འཕྲོད་པ་བྱུང་ཚེ་དེའི་མཚམས་སུ་བཞུགས་རྒྱུ་ལས། དེ་ཡན་ཆད་འཛུལ་ཞུགས་གནང་ན་མི་འཐུས། དེ་མིན་གསར་ཞུགས་གྲྭ་རྒྱུན་གང་ནས་ཕེབས་རུང་། དེ་སྔ་མཚན་ཉིད་སྦྱོངས་མྱོང་མེད་ཀྱང་ལོ་ཕྱེད་ཡིགས་རྒྱུགས་མ་བཏང་སྔོན་འབྱོར་བ་གང་ཞིག་རང་ལ་ཡིག་རྒྱུགས་གཏོང་རྒྱུའི་འདོད་བློ་ཡོད་ཚེ་ལོ་རིམ་དང་པོའི་རྒྱུགས་སྤྲོད་ཆོག་པ་དམིགས་གསལ་ཡོད། དེ་མིན་ཟླ་དྲུག་ཕྱི་མའི་འགོར་འབྱོར་རིགས་ཡིག་ཚད་ཀྱི་སྒྲིགས་གཞི་རིན་པོ་ཆེའི་དགོངས་དོན་བཞིན་ལོ་འཁོར་ཡིག་རྒྱུགས་གཏོང་འཐུས་མིན། ཞེས་གསུངས་པ་ལྟར་རོ། ། གནས་ཚུལ་གོང་མ་དག་ལས་བཤུས