གཡུང་དྲུང་བོན་གྱི་དྲྭ་རྒྱ།

༧གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྐབས་གཉིས་པའི་སྒྲུབ་གྲྭ་བ་རྣམས་ཀྱིས་སྔོན་འགྲོ་འབུམ་དགུའི་བསགས་སྦྱངས་གྲུབ་པ།

 

དེ་ཡང་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་ ༧སྐྱབས་རྗེ་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་ལམ་སྟོན་དང་ཐུགས་དགོངས་འོག བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བའི་ཁྲོད་སྐབས་བབ་གཞུང་ཁྲིད་ཀྱི་རིམ་པ་རྣམས་གྲུབ་པའི་རྗེས། སྒོམ་སྒྲུབ་ཀྱི་ཉམས་ལེན་དངོས་སུ་རང་རྒྱུད་ལ་སྨིན་ཕྱིར་སྔོན་འགྲོ་དང་དངོས་གཞི། རྩ་རླུང་དང་མུན་མཚམས་སོགས་གནང་རྒྱུ་གལ་གནད་དུ་གཟིགས་ཏེ་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེ་སླར་གསོ་གནང་བར་མ་ཟད། ༢༠༢༡ ལོའི་ཕྱི་ཟླ་ ༤ པའི་སྤྱི་ཚེས་ ༡༥ ཉིན་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་བཅའ་ཁྲིམས་གཏན་འབེབ་དང་། སྤྱི་ལོ་ ༢༠༢༡ ལོ་ནས་སྐབས་དང་པོའི་སྒྲུབ་གྲྭ་བ་རྣམས་ཀྱིས་སྔོན་འགྲོ་བསགས་སྦྱང་ནས་དབུ་བརྩམས་ཏེ་རྩ་རླུང་དང་། མུན་མཚམས། སྦྱིན་པ་རྣམ་བཞི། ཐུན་བཞིའི་ཉམས་ལེན་སོགས་ཚུལ་བཞིན་གནང་གྲུབ་རྗེས། བོད་ཆུ་ཡོས་སྤྱི་ལོ་ ༢༠༢༣ ལོའི་བོད་ཟླ་དང་པོའི་ཚེས་ལྔ་༸རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་སྐབས་དང་པོའི་སྒྲུབ་ཐོན་པའི་ཁྲི་བཞེངས་རྟེན་འབྲེལ་གྱི་མཛད་སྒོ་དང་། ཕྱག་འཁྱེར་གསོལ་བསྩལ་གནང་བ་ལ་སོགས་ཡོངས་སུ་མཇུག་གྲུབ་རྗེས།

འདི་ལོ་སྟེ། གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཆུ་ཡོས་ལོར་སླར་ཡང་སྐབས་གཉིས་པའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་སྒྲུབ་གྲྭ་བ་གྲངས་ ༡༥ ཙམ་ཞུགས་གནང་ཡོད་པ་བཞིན།  བོད་ཟླ་ ༣ པའི་ཚེས་ ༡༢ ནས་སྔོན་འགྲོ་གསོག་སྦྱོང་གི་ཞག་བརྒྱ་དབུ་བརྩམས་ཤིང་། བོད་ཟླ་དྲུག་པའི་ཚེས་ ༢༣  བར་ཉིན་གྲངས་བརྒྱ་ཐམ་པའི་རིང་ཉིན་གཅིག་ཆད་ལུས་མེད་པར་ཞོགས་པ་ཆུ་ཚོད ༤:༣༠ ནས་དགོང་དྲོའི་ཆུ་ཚོད་ ༦:༤༠ བར་སྔོན་འགྲོ་འབུམ་དགུ་ཆ་ཚང་པ་གནས་གཅིག་གདན་གཅིག་གི་ཐོག་ཏུ་གསོག་སྒྲུབ་གནང་གྲུབ་ཡོད་པ་དང་།

དེ་རིང་སྟེ་བོད་ཆུ་ཡོས་ལོའི་བོད་ཟླ་ ༦ པའི་ཚེས་ ༢༤ དང་། སྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༨ པའི་ཚེས་ ༡༠ ཉིན་གྱི་ཞོགས་པར། ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམས་གཉིས་ལ་མཇལ་བཅར་ཞུས་ཡོད་པ་དང་། སྐབས་དེར། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ནས་ཀྱང་། “ཁྱེད་རྣམས་པས་ཞག་བརྒྱའི་རིང་ཐུན་སྒོམ་དང་བསགས་སྦྱང་གི་རིམ་པ་རྣམས་ཚུལ་བཞིན་གནང་བར་དགའ་པོ་བྱུང་། ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྗེས་སུ་ཡི་རངས་ཡོད། སྤྱིར་བཏང་དགེ་བ་གང་དང་གང་བྱས་པ་ཡིན་ན་དེ་ལ་རྗེས་སུ་ཡི་རངས་ཞུས་པ་ཡིན་ན། བསོད་ནམས་དང་དགེ་ཚོགས་དཔག་མེད་ཡོད་པར་གསུངས་སྲོལ་ཀྱང་ཡོད་རེད། རྣམ་པ་ཚོས་ཀྱང་མ་འོངས་པར་མུ་མཐུད་ནས་རྒྱུན་སྐྱོངས་ཡག་པོ་གནང་དགོས་ཚུལ་”སོགས་ཀྱི་བཀའ་སློབ་ལམ་སྟོན་དང་། ༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས། སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་ཆ་ཚང་ཞིག་འགྲོ་དགོས་རྒྱུ་ནི་དགེ་བྱེད་པ་སུ་ལ་ཡང་། ཅི་ནས་ཀྱང་གལ་ཆེན་པོ་ཡིན་ཚུལ་སོགས་ཀྱི་སྒོ་ནས་ལེགས་གསོལ་བསྔགས་བརྗོད་དང་། བཀའ་སློབ་ལམ་སྟོན་བསྩལ་གནང་ཡོད་པ་རེད། དེ་རྗེས་སྒྲུབ་གྲྭ་བ་རྣམས་པས་སྨན་རིའི་སྐུ་གདུང་ཁང་དུ་། ༸རྗེ་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་སྒོ་ནས་གཏོང་རག་གི་ཚོགས་འཁོར་རྒྱས་འབུལ་གནང་སོང་ལ།  མི་འགྱངས་བར་དངོས་གཞི་ཨ་གཏད་དང་། འཕོ་བ་སོགས་ཀྱི་ཉམས་ལེན་ལ་འཇུག་རྒྱུ་རེད་འདུག་པ་བཅས་ཀྱི་གནས་བསྡུས་སུ་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ ༢༠༢༣། ༨། ༡༠ ཉིན་སྤེལ།


སྔོན་འགྲོ་འབུམ་དགུའི་གྲངས་དང་གོ་རིམ།

  དེ་ཡང་མན་ངག་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲོའི་བསགས་སྦྱང་སྐོར་གྱི་སྒོམ་རིམ་ཐར་ལམ་མྱུར་བགྲོད་ལས། “དེ་ལྟར་སེམས་བསྐྱེད་དང་། སྐྱབས་འགྲོ། ཡིག་བརྒྱ་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ཕྱག་དང་དྲུག་པོ་དེ་དག་རིམ་གྱི་བསག་ན་རེ་རེ་བཞིན་འབུམ་ཕྲག་རེ་འགྲོ་ངེས་བྱ་དགོས་ཤིང་། གཅིག་ཅར་དུ་བསག་ན་ཉིན་རེ་བཞིན། སེམས་བསྐྱེད་སྟོང་ཕྲག སྐྱབས་འགྲོ་སྟོང་ཕྲག ཡིག་བརྒྱ་སྟོང་ཕྲག མཎྜལ་སྟོང་ཕྲག བླ་མའི་རྣལ་འབྱོར་སྟོང་ཕྲག ཕྱག་སྟོང་ཕྲག་རེ་བསགས་པས། ཞག་བརྒྱ་ལ་འབུམ་ཕྲག་རྫོགས་པར་ཡིན་ཞིང་། གང་ལྟར་ན་ཡང་སྦྱོར་བ་སེམས་བསྐྱེད་དང་སྐྱབས་འགྲོའི་གཞི་ལེགས་པར་བཟུང་ནས། དངོས་གཞི་བསགས་སྦྱོང་སོགས་གང་ཡིན་པ་དེའི་གྲངས་བསག་ཅིང་། རྗེས་བསྔོ་སྨོན་གྱིས་ཟིན་པར་བྱས་པ་སོགས་ཐུན་རེ་ལ་ཡང་ཚང་པར་བྱ་དགོས། དེ་རྗེས་ཀུན་བཟང་ཨ་སྐོར་དང་མ་ཏྲིའི་ཆོ་ག་རིན་ཆེན་སྒྲོན་མ། སྒྲིབ་སྦྱོང་གང་རུང་ཞིག་དང་གསུམ་གྱི་སྒོ་རུ་ཞུགས་ནས། སྐུ་གསུམ་གྱི་བསྙེན་པ་སལེ་འོད། མ་ཏྲི། དུ་ཏྲི་སུ་དང་གསུམ་པོར་འབུམ་ཕྲག་རེ་རྫོགས་པར་མཛད་ན། སྔོན་འགྲོ་འབུམ་དགུ་རྫོགས་དགོས་པ་ཡིན་ནོ།”ཞེས་གསུངས་ཡོད།