༸གདན་ས་སྨན་རིའི་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་<<བོན་སྒོ་>>དཔར་སྐྲུན་ལེགས་གྲུབ་བྱུང་བ།

༸གདན་ས་སྨན་རིའི་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་<<བོན་སྒོ་>>དཔར་སྐྲུན་ལེགས་གྲུབ་བྱུང་བ།

<<བོན་སྒོ་>>འདོན་ཐེངས་ཉེར་བརྒྱད་པ།

གླེང་བརྗོད་གངས་རིའི་སྙིང་ནོར།

དེ་ཡང་སྙ་ཆེན་ལི་ཤུ་སྟག་རིང་གིས། “མི་བདེན་དོན་དང་འགལ་ན་བདེར་གཤེགས་བཀའ་ཡང་ཞོག །བདེན་ཞིང་དོན་དང་མཐུན་ན་བྱིས་སྦའི་ལས་སྤྱོད་ལོངས།” །ཞེས་གསུངས་པ་ལྟར་འོ་སྐོལ་གྱིས་བརྒྱུད་བཞིན་པའི་དུས་རབས་འདི་ནི་ཕྱོགས་གཅིག་ནས་རྨོངས་དད་དང་།  རྟོག་སྒྲུང་།  ཞེན་གོག་སོགས་མི་བདེན་དོན་དང་འགལ་བའི་གཡོན་ཐལ་རིང་ལུགས་སྐྱུར་ཏེ། དྲང་བདེན་དང་དངོས་གཙོ་སྨྲ་བར་ཡིད་རྟོན་ཞིང་དེ་དག་གི་ཁ་ལས་དབུ་འཕང་དར་བའི་དུས་རབས་ཤིག་ཡིན་པར་སྨྲ་མོད་ཀྱང་།  དུས་མཚུངས་སུ་ཤེས་བྱའི་བདག་དབང་གི་དགོས་དམིགས་ལ་བརྟེན་ནས། བསམ་བཞིན་དུ་ལོ་རྒྱུས་ཀྱི་ཁ་ཕྱོགས་ཀྱག་ཀྱོག་དུ་འཁྲིད་མཁན་ཆབ་སྲིད་པའང་ཇེ་མང་དུ་གྱུར་ཡོད། སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་གཞིག་ན་འོང་འཆར་གྱི་ལོ་རབས་ནང་རིམ་བཞིན་ཇེ་འཕེལ་འགྱུར་ཏེ། བོད་ཀྱི་ཆོས་དང་།  རིག་གཞུང་།  སྐད་ཡིག་དང་བཅས་པའི་བདག་དབང་རྩོད་པའི་གཡུལ་འཐབ་ནི་སྔར་ལས་ཛ་དྲག་ཏུ་འགྲོ་སྲིད། དེ་བས་བདག་པོས་རང་ངོ་འཕྲོད་པར་བྱས་ཏེ་སྤྱང་གྲུང་དོད་པོ་དང་རྫི་གསང་རྣོན་པོ་དགོས་པའི་དུས་རིམ་གྱི་དཀྱོག་མཚམས་ཤིག་ཏུ་སླེབས་ཡོད།

འདི་ནི་འདས་པའི་ལོ་རྒྱུས་ཀྱི་བྱུང་བ་དང་བསྡུར་ན་ཅུང་ཟད་ཚབས་ཆེ་སྟེ། སྔར་འུ་ཅག་བོད་པ་ཚང་གི་ཆེ་དགུ་དྲག་བཅུ་རྣམས་ཀྱིས་བོད་ཀྱི་ལེགས་ཆ་ཡོད་ཚད་ཐག་རིང་ཞིག་ནས་དཀའ་བ་ཁྱད་དུ་བསད་དེ་ཁུར་ཡོང་རབས་བཤད་ན་རིན་ཐང་ཆེ་སྣང་ཤར་ཏེ་ང་ཚོ་རང་ཉིད་ལ་བདག་པའམ། ཡང་ན་རང་རེའི་མེས་པོ་ཚོས་གསར་གཏོད་བྱས་པ་ཅི་ཡང་མེད་ཅིང་།  བོད་ཡུལ་ནི་ཀླ་ཀློ་དང་མུན་ནག་གི་ཡུལ་ཁམས་ཏེ། མཐའ་བཞིའི་ཡུལ་གྲུ་ཀུན་ཏུ་ཆབ་དཔལ་ཤེས་རིག་གི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་སྒང་ཞིག་ཏུ་གཞི་ནས་སྤྲེལ་སྲིན་བཤོས་པ་ལས་བོད་མི་བྱུང་རབས་ལན་གཅིག་མིན་པར་ཡང་ཡང་ཟློས་ཀྱང་།  བོད་མཐོ་སྒང་གི་མི་རིགས་ཚོས་གཉིད་དང་རྨི་ལམ་ཚུན་ཆད་ལའང་འདོར་མ་ཐུབ་པའི་རིག་གཞུང་གསོན་པོ་དང་།  ལྷ་ཁང་དང་མཆོད་ཁྲིར་བཤམས་པའི་རྟེན་རྣམ་གསུམ་སོགས་ཁ་ཡོད་ལག་ཡོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པ་ཕུན་སུམ་ཚོགས་པ་འདི་དག་གཡས་གཡོན་སུ་ཞིག་གིས་ཀྱང་ཉར་ཚགས་བྱེད་མཁན་བྱུང་མེད་པར་མ་ཟད། དེ་ལས་ཀྱང་དགོད་བྲོ་བ་ཞིག་ནི་ཤཱཀྱའི་རྗེས་འཇུག་རྣལ་མ་དང་ཞིབ་འཇུག་མཁས་པ་ཚད་ལྡན་དག་གིས། “བོད་བླ་མའི་ཆོས་ལུགས་”ཞེས་སུ་སྙད་དེ་འཛམ་གླིང་ཐུབ་བསྟན་གྱི་ཁོངས་ནས་ཟུར་བཀར་བྱས་པའི་དཀའ་ངལ་ཡང་གྲངས་འདས་འཕྲད་མྱངས།

       ལར་ནི་ལེགས་པར་གཞིག་ན་དེ་དག་ལ་རྒྱུ་མཚན་མེད་པའང་མ་ཡིན་ཏེ། རྒྱ་བོད་གཉིས་སུ་ཐེག་ཆེན་བཀར་སྒྲུབ་དང་སྔགས་ལོག་སུན་འབྱིན་རིམ་པས་བརྩམས་དགོས་པའི་རྒྱབ་ལྗོངས་དང་།  ཇོ་བོ་རྗེས་མཐོང་ཐོས་ཙམ་ཡང་མེད་པའི་བསམ་ཡས་སུ་བཞུགས་པའི་སློབ་དཔོན་པདྨས་སྡེ་བརྒྱད་མཁའ་འགྲོའི་གསང་མཛོད་ནས་བླངས་པར་གྲགས་པའི་གསང་སྔགས་ཀྱི་གཏམ་རྒྱུད་དང་།  ཤཱཀྱའི་དངོས་སློབ་ཉན་ཐོས་སྡེ་པས་དུས་ད་དུང་ཡང་ཞལ་བཞེས་མི་མཛད་ལ། འཛམ་གླིང་ས་ཕྱོགས་གཞན་གང་དུའང་མེད་པའི་འཐུས་སྒོ་ཚང་པའི་བོད་ཀྱི་ཆོས་དང་རིག་གཞུང་འདི་དག་བོད་ཀྱི་བླ་མ་དམ་པ་དག་གིས་དཀའ་སྡུག་ཁྱད་བསད་ཀྱིས་གསར་བཏོད་དང་སྣོན་འཕྲི་ལེགས་བཅོས་བྱས་པ་ལས་བྱུང་བ་ཁས་ལེན་མ་འདོད་ནའང་དོན་དངོས་ཀྱིས་གསལ་བཤད་བྱས་ཡོད།

དེ་ལྟར་ནའང་བྱུང་རབས་ལས་ཁྲིམས་ལུགས་ཁ་དབང་བཙན་པའི་དུས་རབས་འདིར། གནའ་སྔ་མོའི་ནང་ཁུར་གྱི་འཐབ་རྩོད་ལས་འདས་ཏེ། ང་ཚོའི་མཐའ་འཁོར་གྱི་རྒྱ་དཀར་ནག་དང་།  སོག་འབྲུག་བལ་གསུམ་གྱི་རྒྱལ་ཁབ་ཕན་ཚུན་དབར་དཔལ་ཡོན་དར་སུ་སྔ་སོགས་ཆབ་སྲིད་པ་དག་གིས་ཤེས་བྱའི་བདག་དབང་རྩོད་ཅིང་། ཤེས་རིག་སྣ་ཁ་རེ་རེ་བཞིན་ཁྲིམས་ཐོག་ནས་དེབ་སྐྱེལ་གྱིས་བདག་བཟུང་བྱས་དང་བྱེད་བཞིན་པར་བརྟེན། དེ་ལྟར་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཅད་ཁྲ་བཏང་ཟིན་རྗེས། དོན་དངོས་ཀྱི་བྱུང་བ་དང་མི་མཐུན་ནའང་བརྒྱ་ཁ་གཅིག་གིས་ཆོད་པའི་ཐབས་ཤེས་མེད་པར་གྱུར་ཚེ་བློ་ཕམ་དང་ཡིད་འགྱོད་ཙམ་དུ་ཟད། གལ་ཏེ་རང་རེའི་གོ་མིང་ཡོད་མཁན་རྣམས་དུས་རབས་སྔ་མོའི་ཆོས་ལུགས་འཐེན་འཁྱེར་གྱི་བག་ཆགས་མཐུག་པོའི་དམུ་གབ་རྫི་གབ་ཏུ་ཤོར་ཚེ་ང་ཚོའི་ཆོས་དང་རིག་གཞུང་ནི་ང་ཚོས་བཅོམ་བརླག་བྱ་རྒྱུར་གདོན་མི་ཟ། རྒྱུ་མཚན་དེ་དག་ལ་བརྟེན་ནས་འཛམ་གླིང་མི་རིགས་གཞན་དག་ལ་ཁ་མིག་ཡར་ལྟོས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ། ཆོས་དང་རིག་གཞུང་རྣམས་ཕུགས་ཐག་ཇི་ཙམ་རིང་དུ་གཏང་ཐབས་ལ་འབད་དགོས་པ་ནི་དུས་རབས་ཀྱིས་བཀལ་བའི་ང་ཚོའི་འགན་འཁྲི་ལྕི་མོ་ཞིག་ཡིན་པར་ངོ་འཕྲོད་དགོས་པ་གལ་འགངས་ཧ་ཅང་ཆེ།

མ་མཐར་ང་ཚོའི་མེས་པོ་ཚོས་ཚེ་རབས་འཕྲེང་བར་འབད་པ་བརྒྱ་ཕྲག་གིས་གསར་བཏོད་དང་། ལེགས་བཅོས་སོགས་སྙིང་དོར་བཅུད་ལེན་རིམ་པར་བྱས་པའི་ཤེས་བྱ་དེ་དག་མི་རིགས་དང་རྒྱལ་ཁབ་གཞན་དག་གིས་ཧབ་ཐོབ་བྱེད་དུ་འཇུག་པ་ལས། རང་རེའི་མི་རིགས་བྱེ་བྲག་པ་དང་ཡང་ན་ཆོས་ལུགས་གང་རུང་བ་ཞིག་ལ་བདག་པར་གྱུར་ན་དྲག་ངེས། རྒྱུ་མཚན་ནི་གལ་སྲིད་ང་ཚོར་མ་དབང་བའི་ཉིན་མོ་དེ་ནས་བཟུང་ང་ཚོས་དེ་ཉིད་བེད་སྤྱད་ན་ཁྲིམས་ཐོག་ནས་ནག་ཉེས་འཕོག་པའི་ཉེན་ཁའི་གནས་བབ་ཅིག་མི་འབྱུང་བའི་ངེས་པ་མེད་པས་སོ། །འདི་ལྟར་གླེང་སློང་བྱེད་དུས་བོད་རིགས་ཡོད་དོ་ཅོག་གི་ཁ་ལ་བྱང་ཞིང་རྣ་བར་འཇེབས་པའི་“བོད་རིགས་”དང་“བོད་ཡིག་”ཅེས་པའི་མིང་ཚིག་དག་བསུབ་ཤུལ་དུ་“བྷོ་ཊེ་”དང་“བྷོ་ཊི་”ཞེས་པའི་ཐ་སྙད་གསར་བཀོལ་ལ་འབད་འབུངས་བྱེད་མཁན་རྣམས་ཀྱི་སྙན་ལམ་དུ་མི་འགྲོ་ན་ཆོག་མོད། འོན་ཀྱང་སྤྱི་ཡོངས་ནས་ཆོས་དང་རིག་གཞུང་།  ཡུལ་གོམས་གཤིས་ལུགས་སྐད་ཡིག་དང་བཅས་པ་གཅིག་པར་གྱུར་བའི་ཧི་མ་ལ་ཡའི་བོད་རིགས་སྤུན་ཟླ་ཚོ་དོགས་འདྲོག་མི་ལངས་བར། ང་ཚོ་ཐུན་མོང་གིས་སྔར་བཞིན་“བོད་”ཅེས་པའི་ཐ་སྙད་འདི་གཙིགས་སུ་བཟུང་ནས་ཡུལ་དུས་གནས་བབ་ལ་དཔག་པའི་རང་འཁྲིའི་ལས་འགན་བསྒྲུབ་པའི་སྐུལ་མ་ཞིག་ཏུ་འགྱུར་བའི་རེ་བ་ཅི་ནས་ཀྱང་ཆེ།

དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་གིས།

<<བོན་སྒོ་>>འདོན་ཐེངས་ཉེར་དགུ་པ།

གླེང་བརྗོད་གཤེན་གྱི་ཕ་འབབ།

དང་པོ། དཔེ་ཆ་སྒྲིག་སྐྲུན་གྱི་ལས་གཞི། རང་རེ་བོན་ལ་ལེགས་བཤད་གསུང་རྩོམ་གླེགས་བམ་གྲངས་མང་ཡོད་པའི་མཁས་པ་ནི་བརྒྱ་ཕྲག་གྲངས་ལས་འདས་ཀྱང་། དེ་དག་ཕལ་ཆེ་བ་ཕྱོགས་སྒྲིག་དང་དཔར་སྐྲུན་ཞུ་རྒྱུ་ལྷག་ཡོད། ད་བར་ཞུ་གཤེན་སྐམ་གསུམ་ཕུད་པའི་གདུང་རྒྱུད་ཆེ་ཁག་སོ་སོའི་བླ་མའི་གསུང་འབུམ་ཡང་ཕྱོགས་སྒྲིག་དང་དཔར་སྐྲུན་ཐུབ་མེད། དེ་བཞིན་གཡས་རུའི་མཁས་པའི་གསུང་འབུམ་ཕྱོགས་སྒྲིག་ལྟ་བུ་ནི་གལ་འགངས་ཆེ་ཡང་གྲུབ་མེད། ཐ་ན་བོན་གྱི་ཡིག་ཆའི་བདག་པོ་རྣམ་གསུམ་གྱི་གསུང་འབུམ་ཆ་ཚང་བ་ཞིག་ཕལ་ཆེར་སྒྲིག་སྐྲུན་ཐུབ་མེད། དེ་བཞིན་དབུ་ཕར་འདུལ་མཛོད་དང་།  ལམ་རིམ། ས་ལམ། ཁྲོ་འགྲེལ། རྫོགས་ཆེན་གཞུང་ཆེན་སྡེ་བཞི་ལྟ་བུའི་བོན་སྡེ་སོ་སོར་ཕྱོགས་གཅིག་ཏུ་བསྒྲིག་རྒྱུ་སོགས་ད་དུང་སུས་ཀྱང་ཐུག་རེག་མ་བྱས་པ་བགྲང་ཚོད་མེད།  བླ་མ་རེ་ཟུང་ཞིག་གི་གསུང་འབུམ་དང་དཔེ་ཚོགས་རེ་གཉིས་ཙམ་དཔར་རྒྱུར་སུ་སྔ་གང་མགྱོགས་བྱེད་པ་ནི་ཡིད་ལ་བསྟན་དོན་བཅངས་ཡོད་མེད་ལ་མ་ལྟོས་པར་དགོས་ཕན་དེ་ཙམ་མ་མཆིས།

གཉིས་པ། རྩོམ་ཡིག་གི་རྒྱུ་ཆ། ཤེས་བྱ་ཡོད་ཚད་སྐོར་མི་གཅིག་གིས་རྟོག་ཞིབ་བྱ་ཐབས་མེད་པས། ཐད་ཀར་རང་གི་བརྗོད་གཞི་དང་འབྲེལ་བའི་རྒྱུ་ཆ་དག་རང་རྩོམ་ལེགས་གྲུབ་མ་བྱུང་གི་བར་དུ་གསང་ཉར་བྱེད་ཆོག་ཀྱང་། གཞན་བྱིངས་དོ་དབྱིངས་ཅན་ཚོ་ལ་མཁོ་སྤྲོད་མི་བྱེད་པར། སྦས་སྐུང་བྱེད་པའི་ཧ་ཅང་གུ་དོག་གི་བསམ་བློ་འདི་ངེས་པར་དུ་འདོར་དགོས།  སྔར་བོད་རྒྱལ་མུ་ཁྲི་བཙན་པོ་ལ་གསང་བ་རྩ་འགག་གི་བཀའ་ཆད་ཕོག་པའི་ལོ་རྒྱུས་ཀྱང་ཡོད། གལ་ཏེ་ཤེས་རིག་སྦས་སྐུང་གི་ཉེས་ཁྲིམས་ཤིག་ཡོད་ན་དེ་ནི་ནག་ཅན་དུ་འགྱུར་སྲིད། དཔེར་ན། དཔྱད་བུ་ཁྲི་ཤེས་ཀྱི་<<དུག་བཅོས་གཡུང་དྲུང་འཁྱིལ་བ་>>དང་། གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱི་<<རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་>>ལྟ་བུ་ཕལ་ཆེར་འཛམ་གླིང་འདིར་ཚར་གཅིག་ལས་ལྷག་ལུས་མ་བྱུང་བའི་དཔེ་དཀོན་རིགས་ད་དུང་དཔར་སྐྲུན་མ་བྱས་པར་མུ་མཐུད་འགྲེམས་སྟོན་ཁང་དུ་བཟང་བཙོན་དུ་བཅུག་པའམ། ཡང་ན་སྒེར་གྱི་ཤག་སྦུག་ཏུ་སྦས་སྐུང་བྱས་ན།  ཉིན་ཞིག་དཔེ་དཀོན་རྩ་ཆེན་དེ་དག་རང་འབྱུང་གི་གནོད་འཚེའི་འོག་ནས་ང་ཚོ་དང་གཏན་དུ་ཁ་གྱེས་མི་སྲིད་པ་མ་ཡིན། སྐབས་དེ་དུས་དཔེ་བདག་ནི་ང་ཚོའི་ཤེས་རིག་རྩ་རླག་གཏོང་མཁན་གྱི་ལག་དམར་བར་ངོས་འཛིན་རྒྱུ་ཙམ་དུ་ཟད།

རྒྱུ་མཚན་དེས་ན་དཔེ་དཀོན་རིགས་རྣམས་ཇི་ཙམ་དཔར་སྐྲུན་དང་འགྲེམ་སྤེལ་བྱས་པ་དེའི་ཚོད་ཀྱིས་ཤེས་རིག་དར་སྤེལ་དང་རིག་གཞུང་ཞིབ་འཇུག་ལ་མཐུན་རྐྱེན་བླ་མེད་དུ་བསྐྲུན་ཐུབ་ལ། དོ་བདག་གི་ཁ་ཕོར་འཆོར་རྒྱུ་ལས་ལྡོག་སྟེ་རིག་གཞུང་སྲུང་སྐྱོབ་ཀྱི་མཚན་སྙན་ཡང་འཐོབ་ངེས། ད་ཆ་ང་ཚོ་བོད་ཀྱི་ལོ་རྒྱུས་དྲང་ཐིག་ཏུ་བསྐྱོད་དགོས་ཚེ་<<ཏུན་ཧོང་ཡིག་རྙིང་>>ནི་དེའི་ཕྱོགས་སྟོན་འཁོར་ལོ་ལྟ་བུར་གྱུར་ཡོད། དེར་བསྟན་པ་ཕྱི་དར་སྐབས་ཆོས་ལུགས་གཙོར་འདོན་གྱིས་བྲིས་པའི་<<རྒྱལ་རབས་>>དང་<<ཆོས་འབྱུང་>>ཁག་དང་མི་འདྲ་བར་སྲིད་ཀྱི་གནས་སྟངས་གཙོར་བོར་བྱས་ཏེ་སྐབས་དེ་གའི་བོད་ཀྱི་སྤྱི་ཚོགས་གནས་སྟངས་དངོས་ཇི་མ་ཇི་བཞིན་བཀོད་འབྲི་བྱས་ཡོད་པས། བོད་ཀྱི་ལོ་རྒྱུས་ཚད་ལྡན་སྨྲ་བར་<<ཏུན་ཧོང་ཡིག་རྙིང་>>གིས་ཤུགས་རྐྱེན་ཆེན་པོར་བསྐྲུན་ཡོད། གལ་ཏེ་ནུབ་ཕྱོགས་པས་<<ཏུན་ཧོང་ཡིག་རྙིང་>>ད་དུང་སྦས་སྐུང་བྱས་ཡོད་ཚེ་ང་ཚོའི་ལོ་རྒྱུས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་ལྷག་ཡོད་མེད་བཤད་དཀའ། ཕྱོགས་གཅིག་ནས་རང་རེའི་ལོ་རྒྱུས་ཡིག་ཆ་ཕོན་ཆེན་དེ་འདྲ་ཞིག་ཕྱིར་གྱར་བ་ཕངས་ཀྱང་།  ཞིབ་ཏུ་བསམ་ན་དེ་དག་བོད་རང་ལག་ཏུ་ཡོད་ན། གལ་ཏེ་མེ་ཆུ་རླུང་གསུམ་གྱི་ཞལ་དུ་བསྟིམས་མེད་ཀྱང་ཁ་དབང་དཔུང་བཙན་ཞིག་གི་མཛོད་སྦུག་ཏུ་བཀའ་རྒྱར་བཏབ་སྟེ་བམ་རུལ་དུ་བྱུང་ཟིན་ཡོད་སྲིད་པས། ད་ལྟ་འཛམ་གླིང་མི་མང་གི་མདུན་སར་ཁྲ་ལམ་མེར་མཇལ་རྒྱུ་ཡོད་པ་འདི་ལ་སྐྱོ་རྒྱབ་དགའ་བ་ཞིག་ཀྱང་སྒོམ་ལོས་ཆོག  

གསུམ་པ། དཔྱད་རྩོམ་འབྲི་སྤེལ། གནའ་སྔ་མོ་བསྐལ་པ་བཟང་དུས་སུ་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་བྱ་བ་རྣམ་གསུམ་དུ་འབོད་ཅིང་། དེ་དག་གང་ཞིག་མཛད་པར་བསྔགས་བརྗོད་དང་གདེང་འཇོག་ཆེན་པོར་འཐོབ། དེང་སང་དཔེ་དེབ་འབྲི་རྩོམ་བྱེད་པ་ལ་བསྔགས་བརྗོད་འོས་མིན་ནི་བདག་ལ་མཚོན་ན་སྨྲ་བསམ་བརྗོད་འདས་སུ་གྱུར། ཀློག་མཁན་ལས་རྩོམ་མཁན་འབེལ་བའི་དུས་རབས་འདིར་གསེར་དང་བོང་བ་གཉིས་རིན་ཐང་མཉམ་པ་ལྟ་བུར་གྱུར་པས། མང་པོ་ཞིག་གིས་ཡ་ང་བག་ཚ་མེད་པར་རྐུ་རྐྱང་དང་བཤུ་རྐྱང་།  སྒྲིག་རྐྱང་དང་སྐྲུན་རྐྱང་བྱས་དང་བྱེད་བཞིན་པ་འདིས་ཕན་གནོད་གང་ཡོང་དཔྱད་དགོས་པར་སྣང་།

ཡང་ཚོ་གཅིག་དྲ་ལམ་བརྒྱུད་ནང་ཁུལ་ལ་ཟུར་ཟ་དང་ཡང་ན་དཀར་ནག་དབྱེ་འབྱེད་ཀྱི་གཡུལ་འཐབ་ལ་ཉིན་མཚན་བསྐྱལ། གསེར་ལས་ལྷག་པའི་དུས་ཚོད་དེ་དག་སྟོང་ཆར་ལུས་པའི་རྩོམ་རིག་གི་ཆེད་དུ་གཏང་ཡོད་ཚེ་ཕལ་ཆེར་གྲུབ་འབྲས་ལ་གསེར་གྱི་གཟེངས་རྟགས་ཀྱང་འཐོབ་ངེས། དྲང་པོར་བཤད་ན་སྤྱི་ཚོགས་ནང་བོན་ལ་གོ་བ་ལོག་པའི་མི་སྣ་ཤིན་ཏུ་ནས་མང་། དེའི་ཐད་ནས་ཨ་མའི་ཁ་ཕོར་གཙང་བའི་ལར་ཞེན་གྱིས་ཁུངས་འཁྱོལ་ཐབས་མེད་ལ། བདེན་པ་ཡོད་པ་ཙམ་གྱིས་རྒྱལ་ཁ་འཐོབ་པའི་ངེས་པ་དེ་བས་ཀྱང་མེད། དེས་ན་ལྷ་སྒྲུང་དང་རྟོག་བཏགས་ལས་འདས་པའི་ལོ་རྒྱུས་དངོས་ཀྱི་བྱུང་རབས་ཚན་རིག་དང་མཐུན་པའི་འགྲེལ་བཤད་གནང་ཐུབ་ན་དགེ་མཚན་བླ་མེད་འབྱུང་། དེ་ཡང་ལོ་རྒྱུས་ཆེས་ཐག་ཉེ་ས་ནས་ལུག་ལྡོག་གིས་ཕུགས་ཇེ་རིང་དུ་གཏང་རྒྱུ་ལས།  མི་ལོ་ཁྲི་གྲངས་ནས་མར་ལུགས་འབྱུང་གིས་འདེད་པར་རློམས་ཚེ་ཆོས་ལུགས་པ་ཙམ་ལས་ཐུན་མོང་ཡོངས་གྲགས་སུ་ཁས་ལེན་ཐུབ་པའི་དཔྱད་འབྲས་འབྱུང་ཐབས་དཀའ།

ཤེས་ཡོན་ཅན་གྱི་མི་སྣ་རྣམས་ཀྱིས་མི་རེས་གལ་གནད་ཆེ་བའི་བརྗོད་གཞི་རེ་ལེགས་འདེམས་ཀྱིས། ཕན་ཚུན་འབྲེལ་ལམ་བཙུགས་ཏེ་ལྟ་བ་གུ་ཡངས་དང་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་བསམ་ཚུལ་བརྗེ་རེས་དང་། ལེགས་ཆ་ལེན་རེས། དཔྱད་གཞིའི་ཡིག་ཚང་གལ་ཆེན་རྣམས་གཙོས་པའི་ཐ་ན་ལུང་ཚིག་དུམ་བུ་རེ་དང་། དཔར་རིས་ལྷེབ་མ་རེ་ཡན་ཆད་ཕན་ཚུན་རྒྱུ་ཆ་མཁོ་སྤྲོད་ཐུབ་ན། ད་གཟོད་གཞི་ནས་རང་རང་སོ་སོའི་བརྗོད་གཞིའི་ཐད་ནས་ཅི་འདྲའི་འཐུས་སྒོ་ཚང་བའི་དཔྱད་རྩོམ་དྲ་མ་རེ་འགྲུབ་པར་ཐེ་ཚོམ་མི་དགོས། དེས་ང་ཚོའི་ཤེས་རིག་ལོ་རྒྱུས་ཐད་ནས་སྟོང་ཆ་མང་པོ་ཞིག་རིམ་བཞིན་ཁ་བསྐང་ཐུབ་པ་དེ་བས་ཀྱང་སྨོས་སུ་མེད། དེ་ལས་ལྡོག་སྟེ་རང་ཉིད་གཅིག་པུར་གསང་བ་ལྐོག་གྱུར་གྱིས་བྲིས་པའི་རྩོམ་ཡིག་ནི་ཇི་ཙམ་དོ་ནན་པོ་དང་སྤུས་དག་པོ་འབྲི་བའི་ཁུར་བླངས་ཀྱང་རྒྱུ་ཆའི་མཐུན་རྐྱེན་མང་པོ་ཞིག་འཛོམས་མི་ཐུབ་ལ། དཔྱད་བརྗོད་དངོས་ཀྱི་ནང་མང་དུ་ཐོས་པའི་སློབ་དཔོན་དང་། རྣམ་དཔྱོད་ཅན་གྱི་གྲོགས་པོ་དག་གི་ལྟ་དགོངས་དང་ནོར་བ་ཡོ་བསྲང་གི་ཁ་སྐོང་མེད་པས་རང་ཉིད་ཁོ་ནའི་ལྟ་བ་ཙམ་ལས་མ་འདས། དཔྱད་དེབ་ཞིག་ལ་མཚོན་ན་དེ་ནི་བློ་འགྱོད་འོས་པའི་སྟོང་ཆ་ཞིག་ཡིན།

དེ་ལྟར་ནའང་ང་ཚོའི་ཁོར་ཡུག་རུལ་སུང་ངམ་ཡང་ན་ངན་ཤོར་དུ་སོང་བའི་སྟབས་ཀྱིས། ཚད་ལྡན་གྱི་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་མི་འདོད་བཞིན་དུ་ལམ་ཁ་འདིར་མ་སོང་རང་སོང་ལྟ་བུར་གྱུར་ཡོད། རྒྱུ་མཚན་ནི་ང་ཚོའི་རྒྱབ་ནས་འདེད་ཅིང་མདུན་དུ་ལྷག་པའི་ཤེས་ཡོན་དང་འབྲེལ་བའི་ལས་གཞི་དག་ལ་བསམ་ན་གཅིག་ལས་གཅིག་གལ་འགངས་ཆེ་བ་ཤ་སྟག་ཡིན་པས། མི་གཞན་གྱི་ལམ་ཁར་འཚང་དགོས་དོན་ཅི་ཡང་མེད་མོད། འོན་ཀྱང་དེང་དུས་ངེད་ཞྭ་དཀར་བའི་སྤྱི་ཚོགས་སུ་ཚོགས་སྒེར་མང་པོས་མདུན་རྒྱབ་ཀྱི་སྟོང་ཆ་དེ་དག་མིག་ཟུར་ཙམ་ཡང་མི་འཕེན་པར། གཞན་གྱི་རྩོམ་འབྲི་དང་བྱ་བའི་ཟུར་ཙམ་མཐོང་ཚེ་འཇིག་རྟེན་ན་བྱ་བ་དེ་ཁོ་ན་ལས་མེད་པའི་བཟོ་ལྟར་ཤ་རུལ་འབུ་བརྒྱབ་པ་བཞིན་འཚང་ཞིང་ཟླ་ཤས་དང་ཉིན་ཤས་རིང་འུར་དིར་གྱིས་བསྒྲགས།  འགའ་ཞིག་གིས་ཐུབ་ན་བསམ་བློ་ལྟ་གྲུབ་ཡན་ཆད་ཆོམ་པོ་བྱེད།  མ་ཐུབ་ན་རྒྱུ་ཆ་རྐུ་བཤུ་སོགས་དེའི་སྐོར་རྩོམ་དེབ་ཐེབས་ཆག་རེའང་སྒྲིག་སྤེལ་གྱིས། མི་གཞན་གྱིས་ལོ་མང་རིང་དཀའ་ལས་རྒྱབ་པའི་གྲུབ་འབྲས་ལ་འགོག་རྐྱེན་བཟོ་བས་སོ། །

བཞི་པ། རྩོམ་པ་པོའི་བཟང་སྤྱོད། ལུང་ཚིག་གཅིག་ཁོ་ནས་བརྗོད་གཞིའི་ཁ་ཕྱོགས་ཡོངས་སུ་གཡོ་འགུལ་བྱེད་ནུས་པས། བརྗོད་གཞི་དང་འབྲེལ་བའི་ལུང་ཚིག་རྡོག་མ་གཅིག་གིས་ཀྱང་རྩོམ་ཡིག་ལ་བླ་ན་མེད་པའི་གཟི་འོད་སྦྱིན་ནུས་ལ། དེ་བཞིན་ལོ་རྒྱུས་ཀྱི་རྩོམ་ཡིག་ཁྲོད་སྲོག་ཤིང་ལྟ་བུར་གྱུར་པའི་ལོ་ཚིགས་ཚད་ཐུབ་རེ་རེ་བཀོད་རྒྱུ་བྱུང་བ་ཙམ་གྱིས་ཀྱང་རྩོམ་གྱི་རིན་ཐང་ནི་སྔར་ལས་ལྡབ་ཀྱིས་ཆེ་རུ་འགྲོ་བས། ལུང་ཚིག་དམ་དུམ་རེ་དང་ལོ་ཚིགས་ཁ་ཁེར་ཙམ་མཁོ་སྤྲོད་གནང་མཁན་ཡན་ཆད་ཀྱང་བཀའ་དྲིན་ཆེན་པོ་ཡིན་སྟབས་ཐུགས་རྗེ་ཆེ་ཞུའི་ལེའུ་ཚན་ནང་མཚན་བཀོད་དགོས་པའི་ཚོད་དུ་ཆགས་ཡོད། གལ་ཏེ་དགེ་རྒན་དང་སློབ་གྲོགས་དུ་མས་གསེར་ལས་དཀོན་པའི་དུས་ཚོད་བེད་སྤྱད་ཅིང་། རང་གིས་མཐོང་ཐོས་མེད་པའི་རྒྱུ་ཆ་གང་མང་མཁོ་སྤྲོད་དང་། ཡང་ནས་བསྐྱར་དུ་རིན་ཐང་བྲལ་བའི་བསམ་བློའི་ལྟ་དགོངས་ཐད་མོལ་གྱིས་དགེ་འདོན་སྐྱོན་སེལ་གནང་བྱུང་ན། དེ་ནི་རང་ཉིད་ཁོ་ནས་ཇི་ལྟར་འབད་འབུངས་བྱས་ཀྱང་འགྲུབ་ཐབས་མེད་པའི་རླབས་ཆེ་བའི་རོགས་མགོན་ཞིག་ཡིན་པས་དེའི་བཀའ་དྲིན་ནི་གསེར་སྲང་སྟོང་གིས་ཁུག་ཐབས་བྲལ་མོད།

འོན་ཀྱང་ཡིད་ཕངས་པ་ཞིག་ལ་དེང་དུས་གྲྭ་བཙུན་རྣམས་གཙོ་བོར་གྱུར་པའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ། གོང་ལྟར་དགེ་རྒན་སོགས་རིག་གྲོགས་དུ་མས་ཕྱར་གྲུ་མཉམ་འདེགས་ལ་བརྟེན་ནས་རང་རྩོམ་ལེགས་གྲུབ་བྱུང་བའི་མཐར་དྲིན་ཅན་རོགས་རམ་མཁན་དག་གི་མཚན་འཁོད་པ་ལས་བོར་བ་མང་ཞིང་། འཁོད་པའི་ཁྲོད་དུ་སྟབས་ལེགས་ན་“ཞུ་དག་གནང་སོང་”ཞེས་ཕལ་ཆེར་དག་བཅོས་ཚར་གཅིག་ཙམ་ལས་ཡོད་ཚད་རང་ཉིད་ཁོ་ནས་འཇོན་མདོག་གི་རྣམ་པར་སྟོན་སྲོལ་འདི་ནི། མི་ཆོས་ཀྱི་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ཁར། ལྷ་ཆོས་ཀྱི་ལས་འབྲས་ཀྱང་གཏིང་ནས་བརྣོགས་པར་བརྩི་ཆོག ལར་ནས་ཚོ་གཅིག་ནི་ཁག་ཀྱང་མི་འདུག་སྟེ་རང་སྟོབས་ཀྱིས་དེ་ལྟར་འཇོན་བའི་ཁ་སྟབས་མེད་པས། གལ་ཏེ་གཞན་ཞིག་གིས་རོགས་བྱས་རབས་བཀོད་ཚེ་དེས་རང་གི་དེ་ཉིད་ལྷང་ལ་ཕུད་པ་ལྟ་བུར་འགྱུར་ཉེན་ལ་དོགས་ཟོན་ཡང་ཡིན་པར་སྣང་།

ནུབ་ཕྱོགས་པ་ཚོས་རང་གི་དཔྱད་རྩོམ་དེར་དགེ་རྒན་སོགས་རིག་པ་སྨྲ་བ་ཇི་ཙམ་གྱིས་ལྟ་གྲུབ་དང་བསམ་ཚུལ་ཁ་སྣོན་བྱས་ཡོད་ལུགས་བརྗོད་ན་དེ་ཙམ་གྱིས་རྩོམ་ཡིག་དང་དཔྱད་དེབ་དེའི་རིན་ཐང་ཇེ་མཐོ་དང་། རྩོམ་བདག་རང་གི་ཁ་ལས་དབུ་འཕང་དགུང་དུ་འདེགས་ཐུབ་པར་བརྩི་བ་ལས། ང་ཚོ་ལྟར་རྩོམ་འབྲིའི་བརྒྱུད་རིམ་ཁྲོད་རོགས་མགོན་མཁན་གྱི་མིང་སྨོས་ན། དེས་རང་གི་མིང་སྙན་བརྫད་པའི་ཤིན་ཏུ་ནས་གུ་དོག་པའི་ལྟ་ཚུལ་དེའི་རིགས་མེད་ལ། དེ་ལས་ལྡོག་པར་རྒྱུ་ཆ་མཁོ་སྤྲོད་དང་། དུས་ཚོད་ནར་བཏང་གིས་བསམ་ཚུལ་བརྗེ་རེས་བྱས་པའི་གནས་སྟངས་ངོ་མ་དཔར་སྐྲུན་བྱས་པའི་དཔེ་དེབ་ཏུ་བཀོད་འབྲི་བྱས་མེད་ཚེ་དཀའ་ཚེགས་རྒྱག་མཁན་གྱིས་དེབ་བདག་ཁྲིམས་ལ་སྦྱར་བའི་གནས་ཚུལ་ཡང་མང་རབས་འདུག

མདོར་ན། “ཆེ་རབས་རི་རྒྱལ་ལྷུན་པོ་”དང་། “སྙན་རབས་རྒྱ་གླིང་ཁྲ་མོ་”བཤད་དུས་ཆོས་ལྡན་གྱི་མི་རིགས་དང་།  བཟང་སྤྱོད་ཀྱི་ཡང་རྩེ་རུ་གླེང་ནའང་། མཚམས་རེར་བསམ་རྒྱུ་དབུ་རྣ་ལས་མེད་པའི་རྩོམ་པ་པོར་ཁས་འཆེ་བ་དེ་རིགས་དཔེ་མཚོན་དུ་བཀོད་ནས་མི་རིགས་སྤྱི་ཡི་ཀུན་སྤྱོད་ལ་སྡོམ་ཚིག་མི་རྒྱག་པའི་ངེས་པ་མེད་པས། ང་ཚོས་ཤེས་དཔལ་རྩེ་མོར་བསྙེགས་པའི་མི་རིགས་སྤྱི་དང་། དེ་གའི་སྣེ་ཁྲིད་མཁན་རླབས་ཆེན་གྱི་ཤེས་ཡོན་པའི་སྡེ་ལ་མིག་དཔེར་བལྟ་ཤེས་པར་བྱས་ཏེ། རྩོམ་འབྲིའི་ལམ་ལུགས་ཞིབ་གང་ཚགས་དང་། རྩོམ་པ་པོའི་ཀུན་སློང་གུ་ཇེ་ཡངས་སུ་གཏང་ཐུབ་ཚེ་ད་གཟོད་གཞི་ནས་བོད་སྤྱིའི་ཤེས་རིག་ལ་སྨན་པའི་ཕྱག་རྗེས་བླ་མེད་འཇོག་ཐུབ་ལ། རང་ཉིད་ཀྱི་མཚན་སྙན་ཡང་ཟླ་བ་ཡར་ངོ་ལྟར་རང་བཞིན་གྱིས་གོང་འཕེལ་འགྲོ་བར་ཐེ་མི་ཚོམ།  དེ་བས་སླད་ཕྱིན་རང་རེའི་སྨྱུག་ཐོགས་པ་ཚོས་རང་ཉིད་ཀྱི་དབུ་རྣ་ལས་རྩོམ་པ་པོའི་སྤྱི་སྒྲིག་དང་།  ཤེས་རིག་གི་དབུ་འཕང་གཙོ་དགོས་པའི་གནས་ལུགས་དེ་ཉིད་ཐུགས་ལ་འདོགས་པའི་རེ་སྐུལ་དང་བཅས།

དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་གིས།

<<བོན་སྒོ་>>འདོན་ཐེངས་སུམ་ཅུ་པ།

གླེང་བརྗོད་ཞང་ཞུང་གསེར་ཛྭ།

<<རྒྱའི་ཡིག་ཚང་>>དུ་འཁོད་པའི་ཞང་ཞུང་ཆེ་ཆུང་དང་། རྒྱལ་ཕྲན་བཅུ་གཉིས་ཁྲོད་ཀྱི་ཞང་ཞུང་། གཞན་ཡང་ཞང་ཞུང་བོད་ཁོངས་སུ་བསྡུས་པའི་དུས་ཚོད་སོགས་ཀྱི་སྐོར་བཤད་སྟངས་མ་འདྲ་བས་དཔྱད་གཞི་ཆེན་པོར་སྣང་ཡང་ཐེངས་འདིར་མི་གླེང་། གང་ལྟར་བོད་བཙན་པོས་ཞང་ཞུང་ཆབ་འབངས་སུ་བསྡུས་རྗེས་ཞང་ཞུང་ནི་བོད་ཆེན་པོའི་ཁྱབ་ཁོངས་སུ་གཏོགས་ཤིང་། ཞང་བོད་གཉིས་ཀྱི་དབར་ཆབ་དཔལ་རིག་གསུམ་གང་ཐད་ནས་འོ་ཆུ་ལྟར་སིམ་འདྲེས་སུ་གྱུར། སྤྱིར་ན་ཞང་ཞུང་ནི་བོད་ཀྱི་ཤེས་རིག་ཙམ་མ་ཡིན་པར་ཤར་ཨེ་ཤི་ཡ་གཙོ་བོར་གྱུར་པའི་ཕྱོགས་བཞིའི་ཤེས་རིག་མང་པོའི་ཆུ་མགོ་ལྟ་བུ་ཡིན་པ་ཆུ་བོའི་བཞུར་རྒྱུན་དང་འབྲེལ་ནས་ཤེས་རིག་དར་རིམ་ལ་ཉམས་ཞིབ་མཁན་དག་གིས་བཤད། དུས་རབས་འདིར་མི་རྣམས་ཀྱིས་གནའ་ཤུལ་རིག་དངོས་དང་། ལོ་རྒྱུས་ཡིག་ཚགས་སོགས་དངོས་ཡོད་ཀྱི་རྒྱུ་ཆ་གཞི་རྩར་བཟུང་ནས་མི་རིགས་སོ་སོའི་ཤེས་རིག་དང་ལོ་རྒྱུས་ཀྱི་ཕུགས་ཐག་ཇེ་རིང་དུ་བཏང་བར་འབད་བཞིན་ཡོད་ཀྱང་། རང་རེའི་ལོ་རྒྱུས་སྨྲ་བ་མང་པོས་ད་དུང་བོད་ཀྱི་དཔལ་ཡོན་གྱི་ཁུངས་ཐུབ་བསྟན་དར་བའི་ཡུལ་ལུང་གཞན་ཞིག་ཏུ་གཏུགས་ཐབས་ཁོ་ན་ལས། བོད་ཆེན་པོའི་ཁྱབ་ཁོངས་སུ་གཏོགས་པའི་“ཞང་ཞུང་”དང་། “སུམ་པ།” “འ་ཞ་”སོགས་ནི་བོད་དང་གཅིག་མཚུངས་སུ་ཀླ་ཀློ་དང་མུན་ནག་ཏུ་འདོད།

གཉའ་ཁྲི་བཙན་པོ་ནས་བཟུང་སྔ་རྗེས་སུ་བོད་རྒྱལ་དུ་མའི་སྐུ་གཤེན་བླ་མཆོད་ཞང་ཞུང་གི་བོན་པོས་མཛད་པ་<<ཉང་རལ་ཆོས་འབྱུང་>>སོགས་བན་དེའི་ལོ་རྒྱུས་རྙིང་གྲས་རྣམས་སུ་གསལ་བ་མ་ཟད། སྤྱན་རས་གཟིགས་སྟོན་པ་གཤེན་རབ་ཏུ་སྤྲུལ་ནས་ཞང་ཞུང་གི་ཡུལ་དུ་བྱོན་ནས་བོན་སྤེལ་སྐོར་<<བཀའ་ཆེམས་ཀ་ཁོལ་མ་>>ལས་འབྱུང་། གྲི་གུམ་བཙན་པོའི་རིང་ལ་ཞང་ཞུང་དང་བྲུ་ཤའི་གཤིན་གྱི་འདུར་བོན་བོད་དུ་བྱུང་བ་སྟག་ཚང་དཔལ་འབྱོར་བཟང་པོ་དང་རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱིས་བཞེད། སྤུ་ལྡེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་གཉིས་ཀྱིས་བོན་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། རྒྱུ་འབྲས་ཀྱི་བོན་སྒོ་ཐེག་པ་རིམ་དགུ་དར་ཞིང་རྒྱས་པའི་སྐོར་ས་སྐྱའི་<<རྒྱལ་རབས་གསལ་མེ་>>རུ་བཀོད་ཡོད། སྲོང་བཙན་གྱིས་ཞང་ཞུང་གི་ཡུལ་ནས་བོན་པོའི་གྲུབ་ཐོབ་ཞང་ཞུང་ལྷ་ལྡེམས་བྱ་བ་སྤྱན་དྲངས་ཤིང་བོན་དར་བར་མཛད་པའི་སྐོར་<<མ་ཎི་བཀའ་འབུམ་>>དང་། <<རྒྱ་བོད་ཡིག་ཚང་ཆེན་མོ་>>སོགས་ལས་ཀྱང་གསལ།

ཁྲི་སྲོང་སྐབས་ཞང་ཞུང་ནས་བོན་གཤེན་གདན་དྲངས་ཏེ་བསམ་ཡས་སྒྲ་སྒྱུར་གླིང་དུ། བོན་དཔེ་ཞང་སྐད་ནས་བོད་སྐད་དུ་བསྒྱུར་ཚུལ་དང་སྐབས་དེའི་ལོ་ཙཱ་བའི་མཚན་དང་བཅས་པ་<<པདྨ་བཀའ་ཐང་>>ལས་གསལ། གུ་རུ་པདྨས་ཀྱང་ཆོས་སྒོ་ཐམས་ཅད་ཞང་སྐད་དུ་གསུངས་རབས་འཁོད་ཡོད། ད་དུང་ཆེས་གནའ་བོའི་གསོ་རིག་ལུགས་བཅུ་གསུམ་གྱི་གྲས་སུ་ཞང་ཞུང་གི་ལུགས་ཀྱང་ཡོད་པ་སྟག་ཚང་དཔལ་འབྱོར་བཟང་པོས་གསུངས། ལྷག་པར་དུ་བོད་ཀྱི་གསོ་དཔྱད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཞང་ཞུང་གི་གསོ་རིག་ཡིན་པ་གཟུར་གནས་མཁས་པ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་སྨྲ་བ་ལྟར། གསོ་རིག་གི་ཕྱི་མོར་གྲགས་པའི་འབུམ་རྒྱུད་གཉིས་ཀའི་ནང་སྨན་མིང་དུ་མ་ཞིག་ཞང་ཞུང་གི་ཐ་སྙད་སོར་གནས་བྱུང་བ་དེས་ཀྱང་ཤེས་ཐུབ། ད་དུང་བོད་དུ་གྲགས་ཆེ་བའི་ཞང་ཞུང་རྒན་པོའི་ངག་རྩིས་དང་། རིན་པོ་ཆེ་གཟི་བཟོའི་རིགས་གནས་སོགས་ཡོད།

འདིས་གནའ་སྔ་མོ་ནས་ཞང་ཞུང་ལ་འགྲོ་བ་མིའི་རིགས་ལ་ཕན་བདེ་སྐྲུན་ཐུབ་པའི་ཤེས་རིག་སྣ་མང་ཞིག་ཡོད་པར་ར་སྤྲད་ཡོད། བོད་ཀྱིས་སྔ་རྗེས་སུ་ཐེངས་དུ་མར་ཞང་ཞུང་གི་ཤེས་རིག་ནང་འདྲེན་བྱས་ཡོད་པ་དེས་ཕལ་ཆེར་བོད་ལས་ཞང་ཞུང་དུ་ཤེས་རིག་འཕེལ་རྒྱས་ཆེ་བར་མཚོན་ནུས། ཞང་ཞུང་ལ་འགྲན་ཟླ་མེད་པའི་རྒྱུ་དངོས་ཡོད་པ་དེ་དག་ལེན་པར་བོད་ཀྱི་བཙན་པོས་སྔ་ཕྱིར་ཕོ་ཉ་ཐེངས་མང་མངགས་ནའང་གཅིག་ཀྱང་ཕྱིར་ལོག་མ་ཐུབ་པའི་སྐོར་<<སྦ་བཞེད་>>དང་། ལོ་རྒྱུས་ཚད་ཐུབ་ཏུ་གྲགས་པའི་<<མཁས་པའི་དགའ་སྟོན་>>ལས་གསལ་བ་དང་། གཞན་ཡང་ཞང་ཞུང་ལ་གསེར་དངུལ་སོགས་རིན་ཆེན་དབྱིག་གི་དཀོར་ནོར་གྱ་ནོམ་པ་ཡོད་པ་<<ཏུན་ཧོང་ཡིག་རྙིང་>>ནང་གི་སད་མ་ཀར་གྱི་མགུར་གླུ་ལས་ཀྱང་གསལ་བ་བཅས་ལ་གཞིག་ན་ཞང་ཞུང་གི་དཔལ་འབྱོར་གནས་བབ་ཀྱང་ཚད་ཧ་ཅང་མཐོ་པོར་སླེབས་པ་རྟོགས་ཐུབ།

རེ་འགས་ཞང་ཞུང་ནི་རྒྱལ་ཕྲན་ནམ་དེ་ལས་ཀྱང་ཅུང་ཟད་ཁ་སྟབས་ལེགས་ན་རྒྱལ་ཕྲན་སྟོབས་ཆེན་ཞིག་ཏུ་སྨྲ་ནའང་། བོད་ཀྱིས་ཞང་ཞུང་དབང་དུ་བསྡུས་པའི་གཏམ་རྒྱུད་ནང་། སད་མ་ཀར་གྱི་མགུར་གླུ་དང་། སྣང་སྒྲོན་ལེགས་མའི་ཆ་འཕྲིན་སོགས་ལ་གཞིག་ན། རྒྱལ་ཕྲན་གྱི་གོ་བ་ནི་ཇི་ལྟར་ལེན་དགོས་མིན་ཡང་དོགས་གནས་སུ་གྱུར། བོད་འདི་འཛམ་གླིང་དཀྱིལ་ཤར་གྱི་རྒྱལ་ཁབ་གྲས་ནས་སྲིད་འབྱོར་དབང་ཤུགས་གང་ཅིའི་ཐད་ཆེ་གྲས་སུ་སླེབས་སྐབས་བོད་རྒྱལ་གྱིས་ཞང་ཞུང་ལ་དང་པོ་གཉེན་གྱི་འབྲེལ་བ་བཙུགས་ཏེ་ངོ་སྲུང་། བར་དུ་རྒྱུ་ཡི་ལྐོག་བརྔན་སྤྲད་དེ་བཙུན་མོ་བསླུས། མཐའ་མ་གསང་སྟབས་ཀྱི་གཡུལ་གཤམ་ནས་ཞང་རྒྱལ་ལིག་མི་རྐྱ་ལྐོག་གསོད་བྱས་རྗེས་ད་གཟོད་ཞང་ཞུང་དབང་དུ་བསྡུས་ཐུབ་ཡོད་པ་དེས་ཀྱང་། བོད་ལ་མངོན་གསལ་དོད་པོས་ཞང་ཞུང་དབང་དུ་བསྡུ་བའི་ནུས་པ་མེད་པ་ར་སྤྲད་ཡོད།

ལར་ནས་སྐབས་དེར་ཞང་ཞུང་ནི་ཆབ་དཔལ་ཤེས་རིག་ཅི་ཡང་མེད་པའི་རྒྱལ་ཕྲན་ཙམ་ཞིག་ཡིན་ན། སྲོང་བཙན་གྱིས་མཐའ་བཞིའི་སྟོབས་ཆེན་གྱི་རྒྱལ་ཁབ་གཞན་ལྟར་ཞང་ཞུང་ལ་གཉེན་འབྲེལ་བཙུགས་དོན་མེད་ལ། ཞང་བཟའ་བླངས་ཤིང་ཐེམ་ཆེན་ལྷ་ཁང་ཐུགས་དམ་དུ་བཞེངས་ཏེ་ངོ་སོ་ཡང་བསྟོད་མི་དགོས། དེ་བས་སྲོང་བཙན་ཡར་སྔོན་དུ་ཞང་ཞུང་ནི་སྲིད་འབྱོར་རིག་གསུམ་གང་ཐད་ནས་དཔུང་སྟོབས་ཤིན་ཏུ་ཆེ་ཞིང་མཐའ་མཚམས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་དང་འདྲ་བར་ཆབ་དཔལ་རིག་གསུམ་རང་སྐྱ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པར་གོ་ཐུབ།

དེ་ལྟར་དུའང་བོན་གྱི་ལོ་རྒྱུས་ཙམ་མིན་པར་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་སྐབས་ནས་ཞང་ཞུང་གི་རྒྱལ་པོ་བྱུང་བ་བོད་ཀྱི་ལོ་རྒྱུས་གྲགས་ཅན་དང་རྙིང་གྲས་<<ལྡེའུ་ཆོས་འབྱུང་>>སོགས་ལས་འབྱུང་བས་མ་ཟད། སྲོང་བཙན་ཡར་སྔོན་ལ་མ་མཐའ་ཞང་ཞུང་གི་རྒྱལ་རབས་བཅུ་གཅིག་ཙམ་ཕྱིན་ཡོད་པའང་བོད་ཀྱི་ལོ་རྒྱུས་རྙིང་ཁུངས་ལ་གཞི་བྱས་ཏེ་བྲིས་པའི་<<ཉི་མའི་རིགས་ཀྱི་རྒྱལ་རབས་>>ལས་ཀྱང་ཟུར་ཙམ་འཁོད་ཡོད། ལར་ནས་“ཞང་ཞུང་”ཐུག་དུས་བོན་པོ་ཡིན་ཤག་གིས་ལོ་རྒྱུས་ཀྱི་ཁ་ཕྱོགས་འཁྱོག་པོར་དཀྱུ་དགོས་དོན་མི་འདུག་སྟེ། “གྲུབ་ཐོབ་ཞང་ཞུང་པ་”དང་། “ཞང་ཞུང་གི་བྱ་བྲལ་བ་སྙིང་སྟོབས་རྒྱ་མཚོ།” “ཞང་ཞུང་གི་ལོ་ཙཱ་བ་ཆེན་པོ་མང་འོར་བནྡེ་བྱང་ཆུབ་ཤེས་རབ་”དང་། ཐུབ་བསྟན་སྟོད་འདུལ་གྱི་མངའ་བདག་“ཞང་ཞུང་འདུལ་འཛིན་པ་རྒྱལ་བའི་ཤེས་རབ།” གཞན་ཡང་“མཁན་པོ་ཞང་ཞུང་པ།” ལོ་རྒྱུས་སྨྲ་བ་“ཞང་ཞུང་དཔལ་འབྱོར་བཟང་པོ།” སྨན་པ་“ཞང་ཞུང་པ་ཤེས་རབ་འོད།” “མཁས་པ་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པ་”སོགས་ཞང་ཞུང་པ་ཡིན་པའི་བན་དེའི་མཁས་གྲུབ་ཀྱང་གྲངས་ལས་འདས་པས་སོ། །

ཡང་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་རྣམས་ཞང་ཞུང་གི་བྱུང་རབས་དང་སྦྲེལ་མི་འོས་ཚུལ་གླེང་ཞིང་། ཕལ་ཆེར་བོད་ཀྱིས་ཞང་ཞུང་དབང་དུ་བསྡུས་པ་ནས་བཟུང་ཞང་ཞུང་ནི་རྩ་རླག་ཏུ་ཕྱིན་ཟིན་པ་ལྟ་བུའང་བཤད་ཀྱང་། ཞི་བ་འོད་ཀྱིས་“ཞང་ཞུང་གི་ས་ཆ་ཐོ་ལིང་གསེར་གྱི་གཙུག་ལག་ཁང་”ཞེས་སྨོས་པ་<<བསྟན་བཅོས་>>ཀྱི་འགྱུར་བྱང་དུ་འབྱུང་ཞིང་། ཇོ་བོ་རྗེས་ཀྱང་<<བྱང་ཆུབ་ལམ་སྒྲོན་>>“ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་”དུ་བརྩམས་ཚུལ་དེའི་མཇུག་བྱང་དུ་གསལ། དེ་བཞིན་བུ་སྟོན་དང་། གཙུག་འཕྲེང་སོགས་བོད་ཀྱི་མཁས་པ་མང་པོས་ཐོ་ལིང་ལྷ་ཁང་ལ་“ཞང་ཞུང་ཐོ་ལིང་གི་གཙུག་ལག་ཁང་”ཞེས་སུ་སྨོས་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ཞེས་པའི་“མཁས་པ་ཆེན་པོ་དེ་ནི་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས་སོ།” །ཞེས་བོད་སྔ་རབས་ཀྱི་མཁས་པ་ཉང་རལ་སོགས་ཀྱིས་ཁ་གསལ་པོར་བཤད་འདུག བུ་སྟོན་གྱིས་ཀྱང་། “བོད་འབངས་ཡོངས་ཀྱི་རྗེ་ཞང་ཞུང་རྒྱལ་པོའི་སྤྱན་སྔར། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་གསོལ་བ།” ཞེས་དང་། “ཞང་ཞུང་གི་དགེ་འདུན་རྣམས་ལ་སྙན་བསྐུལ་ཞུ་བའི་ཡི་གེ་”ཞེས་པ་སོགས་བྲིས་ཏེ། མངའ་རིས་ཀྱི་རྒྱལ་པོ་ལ་ཞང་ཞུང་གི་རྒྱལ་པོ་དང་། ཡུལ་དེའི་གའི་དགེ་འདུན་པ་རྣམས་ཞང་ཞུང་གི་དགེ་འདུན་པ་རུ་ཞལ་གྱིས་བཞེས་འདུག

ལོ་ཆེན་རིན་བཟང་ནས་སྨིན་གླིང་དྷརྨ་ཤྲིའི་བར་སྔ་རྗེས་སུ་ལོ་ཙཱ་བ་ ༡༧༡ བྱུང་བ་རྣམས་ཀྱིས་བཀའ་དང་བསྟན་བཅོས་མང་པོ་སྐད་རིགས་དུ་མ་ནས་བསྒྱུར་བར་བཤད་པའི་ཁྲོད་དུ་ཞང་སྐད་ནས་བོད་སྐད་དུ་བསྒྱུར་བའང་བན་དེའི་ལོ་རྒྱུས་སྨྲ་བ་མང་པོས་གསུངས་འདུག ད་དུང་བན་དེའི་མཁས་པ་རེ་འགས་བཤད་པ་ལྟར་ན། སྟག་གཟིག་དང་ཞང་ཞུང་གི་སྐད་འདྲེས་པ་ལས་བོད་སྐད་གྲུབ་པར་སྔ་རབས་ཀྱི་མཁས་པ་དག་གིས་བཞེད་པར་གསུངས། འདི་ལའང་རྒྱུ་མཚན་ངེས་ཅན་ཞིག་སྣང་སྟེ། ཇི་ལྟར་རྒྱ་དཀར་ནག་དང་བོད་རང་གིས་སྐད་སོགས་ཀྱི་ངོ་བོར་བསྒྱུར་ཐབས་བྱས་ཀྱང་། ད་དུང་འདོར་ཐབས་མ་རྙེད་པ་དང་། མིག་བར་དང་མཛུབ་བར་ནས་ལྷག་པའི་ཞང་སྐད་ཤིན་ཏུ་མང་པོ་ཞིག་བན་དེའི་གཞུང་ལུགས་ལོ་རྒྱུས་དང་། སྔགས་དང་སྙིང་པོ། གསོ་རིག་སྨན་མིང་སོགས་ཀྱི་ཁྲོད་དུ་བཞུགས་པའི་ཚུལ་རོབ་ཙམ་གཤམ་དུ་དགེ་བཤེས་ཕུན་ཚོགས་ཉི་མའི་<<བན་དེའི་གསུང་རབ་ཁྲོད་ནས་རྙེད་པའི་ཞང་ཞུང་གི་སྐད་>>ཅེས་པ་དེར་འཁོད་པས། དེས་ཀྱང་ང་ཚོ་སླར་ཡང་བསམ་གཞིག་གི་ཀློང་དུ་བསྟིམས་ཡོད།

མདོར་ན་ཞང་ཞུང་ནི་ཆབ་དཔལ་ཤེས་རིག་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་རྒྱ་ཡི་ཡིག་ཚང་སོགས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་ལོ་རྒྱུས་དང་། རང་རེ་བོད་ཀྱི་བྱུང་རབས་རྙིང་པ་དང་གནའ་ཤུལ་རིག་དངོས་སོགས་ནས་ཟུར་བལྟས་ལེབ་མཐོང་ཡིན་ནའང་། ད་དུང་འགའ་ཞིག་གིས་ཞང་ཞུང་ནི་སྒྲུང་ཡིན་རབས་མངོན་སུམ་འཛེམས་མེད་ཀྱིས་གླེང་ཕོད་པ་ནི་ཡ་མཚན་དགོས་པ་ཞིག་རེད། མ་གཞི་བཤད་སྟངས་དེ་ནི་དེ་སྔོན་བོད་ཀྱི་ལོ་རྒྱུས་སྨྲ་བ་འགས། <<འཇམ་དཔལ་རྩ་རྒྱུད་>>ཀྱི་ལུང་རྫུན་བཟོས་ཏེ། བོད་མིའི་བྱུང་རབས་ལོ་ ༢༥༠༠ ལས་མི་སྔ་བར་གླེང་པ་དང་འདྲ་སྟེ། གཏམ་དེའི་རྒྱབ་ལྗོངས་སུ་ཤིན་ཏུ་ནས་གཏིང་གནག་པའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་ཡོད་པ་ནི། ཐུབ་པ་འདས་ནས་ལོ་བརྒྱ་ཡི་རྗེས་སུ་གཟོད་བོད་མི་བྱུང་བར་བསྒྲག་ན། དེའི་སྔོན་བོད་དུ་འགྲོ་བ་མི་ཙམ་ཡང་མེད་པས་ཤེས་རིག་ཀྱང་ཡོང་ཁུངས་མེད། དེ་བས་བོད་ཀྱི་ཤེས་རིག་ཡོད་ཚད་ཤཱཀ་ཐུབ་འདས་རྗེས་སུ་གཞི་ནས་བྱུང་ཞིང་། དེ་ཡང་ཐུབ་བསྟན་ནས་ནང་འདྲེན་བྱེད་རྒྱུ་ལས་སྐབས་དེ་དུས་བོད་མི་ནི་མཇུག་མ་ཆད་མ་ཐག་པའི་སྤྲེལ་ཕྲུག་ཙམ་ཡིན་པས་ཤེས་རིག་གསར་གཏོད་ཀྱི་ཡོན་ཚད་མེད་པར་ཤུགས་བསྟན་བྱས་ཡོད།

རླབས་ཆེན་གྱི་ཚན་རིག་མ་དར་བའི་སྔོན་དུ་སྐད་ཆ་དེའི་རིགས་ཀྱིས་མི་རྣམས་མགོ་རྨོངས་སུ་བཅུག་ཡོད་ཀྱང་། དུས་རབས་ཉེར་གཅིག་པའི་ནང་ཁུངས་འཁྱོལ་ཐབས་གཏན་ནས་མེད། དོན་དངོས་ཀྱི་བྱུང་རབས་ཡིན་ན་དེ་ལྟར་དུ་ཟད་མོད་ཀྱང་། རྒྱབ་ལྗོངས་དང་རྒྱུ་མཚན་གཞན་དབང་གིས་ལོ་རྒྱུས་འཁྱོག་པོར་བརྗོད་མཁན་རྣམས་ལ་དག་ཐེར་དང་། གསལ་བཤད་མུ་མཐུད་བྱེད་དགོས་པ་ནི་འདོར་ཐབས་མེད་པའི་ངེད་ཅག་གི་འོས་འགན་ཞིག་ཡིན་པས། གོ་སྐབས་འདི་ནས་རང་རེའི་སྨྱུག་ཐོགས་པ་ཀུན་ལ་ཆོས་དང་རིག་གཞུང་གི་གཤེད་མ་དག་ཡན་པོར་གཏང་མི་ཉེན་པའི་རྟིང་སྐུལ་ནན་མོ་ཞུ་རྒྱུ་དང་བཅས།

དཔོན་རྒོད་དགེ་བཤེས་གཡུང་དྲུང་སྐལ་བཟང་གིས།

མཆན། <<བོན་སྒོ་>>ལོ་དེབ་ཐུགས་མཁོ་ཡོད་མཁན་རྣམས་ཀྱིས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས། བོད་ཕྱི་ནང་གང་སར་བསྐུར་ཐུབ།

འབྲེལ་བ་གནང་ཡུལ་རྩོམ་སྒྲིག་ཚོགས་མི། དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད་ཀྱི་སྐད་འཕྲིན་ཁ་བྱང་། ཁྲི་སྐལ་བཟང་གི་སྐད་འཕྲིན་ཁ་བྱང་།

གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
གཡུང་དྲུང་བོན་གྱི་སྒྲུབ་གནས་ཁག་གི་ངོ་སྤྲོད་དམར་མོའི་མཛུབ་ཁྲིད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གླེང་བརྗོད།
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་ཚིག
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།
བོན་ཆོས་དཔྱད་བསྡུར།
བོན་ཆོས་དཔྱད་བསྡུར།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
 རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ཆ་ཚང་གི་གློག་རྡུལ་འཕྲུལ་དེབ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
སྨན་རིའི་སྟེགས་འཇོག་ལོ་ཐོ།
previous arrow
next arrow